སྣང་བ་ཡན་པ།

 ལྡོང་འཇིགས་སྲས།

ཤོག་སྐྱ་རླུང་གིས་དེད་པའི་ཕ་མཐའ་ན།།
ཆུ་མོ་ཐུར་དུ་འབབ་པའི་ལུང་གཞུང་ན།།
ལས་སྐལ་ས་ལ་ཟག་པའི་བྱེའུ་ཆུང་ཞིག།
འཁྱག་ཅིང་བརླན་པའི་ཆུ་མོ་ལྟར་དུ་བཞུར།།

ལོ་ཟླའི་གདོང་ལ་གཉེར་རེས་ཆགས་པ་དང་།།
གཡའ་མ་ནག་སྣུམ་ཆགས་པའི་འཇིག་རྟེན་ན།།
ལྷགས་པ་ཞོགས་སྤྲིན་འཕྱོ་བའི་ཚ་གདུང་ངང་།།
དགུན་ལམ་རིང་མོའི་ཕ་མཐའ་སུམ་གྱིས་བསྐྱེལ།།

རྐང་ལམ་ལྡོག་པས་མནན་པའི་ས་ངོས་སུ།།
རི་མགོས་དར་ལྕོག་སྤྱོད་འདྲེས་གཞན་དབང་གི།
འདོད་དོན་སྐད་ཆུའི་རི་མོ་ཤོད་དཀའ་བའི།།
བསམ་པའི་གསེང་ན་རྣམ་ཤེས་ཁྲི་འབུམ་འགུལ།།

སྐྱོ་གདུང་གྲང་ངད་ཆེ་བའི་ལ་ཐང་ན།།
རིགས་ཀྱི་མིག་ལ་སྨག་ཆེན་འཐུམ་པ་ཡིས།།
བར་ཐག་རལ་གྲིས་ཆོད་པའི་འཁོར་གཞུང་གི།
མྱ་ངན་རྒྱང་ནས་འདོད་པའི་དྲན་པ་ལྷེས།།

ཡིད་ཀྱི་དྲན་པའི་བཤེས་དང་སྙིང་གི་ནོར།།
དད་གསུམ་འདུན་མའི་མགོན་ཁྱོད་སྐྱབས་གཅིག་རྗེ།།
འཆི་བ་འཁོར་གཞུང་མོད་པའི་བཀྲང་གཞུང་འདུར།།
མདངས་བརྩེ་མིག་ཆུ་མོད་པོ་ཐང་མར་བརྡལ།།

རེ་འདུན་བརྩེ་གདུང་ཆེན་པོའི་གངས་གཞུང་ནས།།
ཡིད་ཀྱི་འཕྲིན་པ་འདི་ཉིད་བསྒྲིམས་སོང་སྐད།།
ཞི་བདེ་ལྷ་བྱ་དཀར་པོའི་འཕུར་སྤྱོད་ལ།།
བདེ་ལེགས་དོན་ཀུན་འགྲུབ་པའི་ཤེས་པ་སྩོལ།།

༢༠༢༡___༡༢____༢༩____ཉིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*