རྗེས་སུ་དྲན་པའི་རབ་བྱེད།

  ཧུན . དུར་རོ། {དཀར་མཛེས། }

ཕྱི་གངས་དཀར་གྱི་ལྭ་བ་སྟུག་པོ། །
ནང་ལྗང་མདོག་གི་ནེའུ་གསེང་སྔོན་མོ། །
གཡུ་དྲུག་དཀར་གྱི་ཕྲེང་བ་དམར་པོ། །
བོད་གདུང་དམར་བའི་རྟགས་ཀྱི་ཆེ་བ། །
སེམས་ཕྱི་ནང་གི་ཤ་དྲོད་གསལ་ཡང་། །
ནང་རང་རྒྱུད་གྱི་མུན་པ་དཀར་གནག །
ས་རེབ་གོང་གི་ཡུལ་ལ་ཕྱོགས་པས། །
བོད་སྙན་ངག་གི་ཕ་རྒན་རྒན་པ། །
བསེ་བླ་མ་ལགས་བློ་བཟང་དཔལ་ལྡན། །
ལས་འདི་དང་ཕྱི་མ་ཡི་བར་ཐག།
ཁྱད་དག་པས་བཅད་པ་རང་གོ་ན། །
མགོ་ཤ་གསང་རུས་གསང་ནས་གཟེར་བ། །
ལས་ད་ཐེངས་ཀི་ལས་སྐལ་བསམ་གནག།
ཡོད་དག་པ་འདི་འདྲ་ཞིག་རེད་འདུག།
བོད་སྲོལ་རྒྱུན་སྙན་ངག་གི་ཡབ་རྗེ། །
དུས་ནང་པའི་དུས་འགྱུར་གྱི་བར་ནས། །
བོད་སྲོལ་རྒྱུན་སྙན་ངག་གི་ཚོན་མདངས། །
མདོག་མ་ཡལ་དེ་རིང་གི་དུས་ལ། །
ཚོན་དཀར་དམར་ཁ་དོག་གིས་གསལ་བ། །
དྲིན་དྲན་ན་ཁྱེད་རང་གི་བཀའ་དྲིན། །

ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་བོད་ནང་གི་བགྲེས་པོ་ཕྱི་དཀར་ནང་དཀར་ཞིག་ལ།

གང་ལ་རྗེས་སུ་དྲན་པའི་ཟོལ་གྱིས།

འཁོར་དད་ལྡན་སྙིང་གི་ལྷ་མཆོག །
ས་འགྲོ་དོན་མཁའ་ལ་ཆས་འདྲ། །
ཡིད་དག་པའི་ངོས་ཀྱི་ནོར་བུ། །
རྗེ་བླ་མ་བློ་གྲོས་རབ་གསལ། །
སྔོན་དུས་ཀྱི་མར་གཤམ་ཞིག་ལ། །
རྗེ་གང་གི་ཆོས་སུ་ཉན་མྱོང་། །
སྨྲ་དག་པའི་གསུང་གི་བདུད་རྩི། །
ངའི་རྣ་བའི་སྨན་མཆོག་ཉག་གཅིག །
ཡོད་ཟེར་བའི་བདེན་འཛིན་བོར་ནས། །
མེད་ཟེར་བའི་མཐའ་ལ་མ་ལྷུང་། །
དོན་དབུས་སུ་གནས་པ་དྲན་ན། །
ཁྱེད་འདྲ་བ་ཧ་ཅང་དཀོན་འདུག །
འཁོར་དག་པ་སྐར་ཚོགས་འཕོས་འདྲ། །
ཆོས་དག་པས་འདི་ཕྱི་བསྐྱོར་འདྲ། །
ལས་དག་པའི་ངོས་ཀྱི་ཟླ་བ། །
ས་དག་པ་གང་ལ་ཆས་སོང་། །

གྲོགས་པོ་ཞིག་གི་རེ་བ་ལྟར་ཤར་མར་བྲིས། ༢༠༢༡-༡༠-༢༦དགོང་དྲོ།

སེམས་ལ་བྲིས་པ།

ཆུང་ཆུང་བྱིས་པའི་ནམ་ཟླ་ཟད། །
གཞོན་པའི་འཚོ་བ་ཡིད་ལ་གསལ། །
འཁོར་བའི་ཆས་དག་མུ་ནས་བཞུར། །
དོན་དམ་ལག་པས་འཛིན་ན་འདོད། །
ཀུན་རྫོབ་རྒྱ་གྲོལ་ཡིན་ན་བསམ། །
མུན་པའི་འཁོར་བ་གང་ནས་རྫོགས། །
དོན་དམ་སྟོན་པའི་ལམ་མཆོག་འཚོལ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*