སྣང་ཚུལ་གསོང་པོར་བརྗོད་པའི་ཀ་ཕྲེང་།

                                    ཧུན་དུར་རོ། {དཀར་མཛེས}

ཨ་ཨ་ཨ་ལགས་ཐུགས་རྗེ་ལ་དུང་བའི།།
ཧ་ཅང་ལྐོག་གྱུར་མི་མངོན་པའི་གཤིས་ལ།།
ཨ་ཙི་ཞེན་པའི་མི་རིགས་ཤིག་དྲན་ན།།
ཧ་ཧ་སྣང་ཚུལ་དྲང་པོ་ཞིག་འཆད་འདོད།།

ས་སྟེང་འདི་ཡི་དཀར་ནག་གི་འཚོ་བ།།
ཤ་ཁྲག་རྩོལ་བས་བསག་པ་ཞིག་ཡིན་གྱི།།
ལ་ལུང་ངོས་ཀྱི་ཆུ་ཕྲན་དང་ཟིལ་བ།།
ར་མ་ལུག་གི་རིལ་མ་ལྟར་མི་འབབ།།

ཡ་ལཊ་ཞུ་སའི་སངས་རྒྱས་དེ་གསོན་པོ།།
འ་ཅག་ཕྱི་ནང་ལྷ་ཚོགས་ཀྱི་སྲུང་བའི།།
ཟ་ཁང་ཆང་ཁང་ཉལ་ཁང་གི་གྱང་ངོས།།
ཞྭ་ཅན་མཚོན་ཐོཊ་སྲུང་མ་འདི་མང་བ།།

ཝ་ལེར་ཤར་བའི་སྣང་བ་འདི་རྫུན་མ།།
ཛ་ཡའི་བསྟན་པའི་ཡང་དོན་དེ་སྟོང་བ།།
ཚ་གྲང་དཀའ་སྤྱད་དེ་ཉིད་ཅིག་མ་ཡིན།།
ཙ་རི་བསྐོར་བའི་སྙིང་པོ་དེ་ཅི་ཞིག།

མ་བཅོས་རང་སེམས་ཀྱི་མེ་ལོང་གཙང་མ།།
བ་འབྲི་དྲིན་ཅན་ལ་དུང་བའི་དྲན་ཤེས།།
ཕ་མ་གཅེས་འཛིན་ལ་དགའ་བའི་ཞེན་པ།།
པ་སངས་ལྟ་བུ་ཡི་དད་པ་འདི་མི་བྲིན།།

ན་ནིང་སེམས་པ་རི་བོའི་སྒང་གི་མེ་ལྕེ་ཡིན།།
ད་ལོའི་སྣང་བ་སྲང་ལམ་ནང་གི་ཤོག་རལ་ཡིན།།
ཐ་ཆད་ང་ལ་ལོ་ཟླའི་ངོས་ན་ཕམ་ཁ་མང་།།
ཏ་ལེན་ནང་གི་ཆོས་ཚིག་གསང་གྲངས་མི་ཤེས་སོ།།

ཉ་རྔ་གཡོ་བས་ཝུ་བ་དག་ནི་ནམ་མཁའི་ངོས་སུ་ཐར་ཐར་འཕྱོ།།
ཇ་ལོ་ལྗང་ཁུའི་བྲོ་བ་དག་ནི་ལྕེ་ཡི་རྩེ་ན་དལ་དལ་ཡན།།
ཆ་ཡོད་དོན་དངོས་ཆ་མེད་ཆོས་ཚིག་ཡོལ་བ་རབ་རིབ་ནག་པོས་བཏུམས།།
ཅ་དངོས་དག་ནི་ཆོས་ཀྱིས་མ་བྱིན་རང་གི་ངལ་བས་བཙལ་བ་ཡིན།།

ང་ཅག་དད་པར་དགའ་བ་བརྩོན་སེམས་ཆུང་བའི་དན་རྟགས་ཡིན།།
ག་ལེར་བག་ལ་ཉལ་བའི་ལས་སྣང་འདི་ཡང་རུལ་སུངས་ཡིན།།
ཁ་འཛིན་སྡོང་གྲོགས་ཆོས་སྐྱོང་དགོས་པར་འདོད་ན་རྨོངས་དད་ཡིན།།
ཀ་ཡེ་གངས་ཅན་མི་རིགས་ཆོས་ཡོད་སྨྲ་ན་གོད་ཆག་ཡིན།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*