ཚོར་བ་སྐྱར་བོ།

ཕྱི་དྲོའི་གྲིབ་མས་བོས་པའི་གྲང་བ་ནི།།
མི་སེམས་རབ་ཏུ་སྒུལ་བའི་རླུང་བུ་ཞིག།
ཟླ་བ་ཁེར་འགྲོའི་ཟླ་འོད་བོར་སོང་བས།།
སྒེའུ་ཁུང་ནང་དུ་མུན་པའི་ན་བུན་འཁྲིགས།།
སེམས་པ་ཧ་ཅང་འཁྱག་པའི་སྣང་བ་འདི།།
ཁོ་མོའི་ལང་ཚོའི་རྒྱབ་ཀྱི་སྨུག་པ་ཡིན།།

སྡོང་པོའི་འདབ་ལོ་ཐར་ཐོར་ས་རུ་ཟགས།།
སྟོན་ཀའི་ཁ་བའི་འཛུམ་ཆུང་བཞད་པའི་དུས།།
ཚོར་བ་སྐྱ་བོའི་ས་བོན་རུལ་བ་དེ།།
མཚན་མོའི་སྐར་ཚོགས་པང་ནས་རླུང་གིས་སྤུར།།
སྙིང་གཏམ་ཡོད་ཚད་ཁ་བའི་ངང་དུ་འཐིམས།།
ང་རང་ཁེར་རྐྱང་ཡིན་པའི་སྣང་བ་བྱུང་།།

ཕ་ཡུལ་ཡུལ་ཤུལ། རྩོམ་པ་པོ་མཱ་ལ་ཏི།

སོམ་ཉིའི་དྲ་བའི་རི་མོ།

                                        མཱ་ལ་ཏི།

རྒོད་པོ་གཤོག་རྩལ་ཐོགས་ཀྱང་ནམ་མཁའ་དོག།
འཇོལ་མོ་ཡུལ་རྩིས་ཆེ་རུང་བཞུགས་ཡུན་ཐུང་།།
མེ་ལྕེ་དྲག་ཏུ་འཆེད་པའི་ཚང་ཚིང་དུ།།
གཤོག་པ་རྐྱང་བའི་བྱ་ཁྱུ་ཨེ་མཆིས་སམ།།
ཟླ་བའི་འོད་ཀོར་མཚེར་ཡང་གྲང་བ་ཆེ།།
སྐར་མའི་ཁྲ་ཚོམས་མོད་ཀྱང་འོད་ཕུང་ཆུང་།།
ཉི་མའི་གུར་གྱི་དབུལ་པའི་བར་སྣང་དུ།།
མུན་པ་སེལ་བའི་སྣང་བ་ཨེ་ཡོད་དམ།།

མེ་ཏོག་མགོ་ལྕོག་ལྡེམ་ཡང་ཟེའུ་འབྲུ་ཉུང་།།
ལོ་མ་ལྡེམ་ལྡེམ་གཡོས་ཀྱང་གཟི་མདངས་ཞན།།
ཁ་སང་གཏབ་པའི་ས་བོན་རུལ་ཟིན་ན།།
མ་འོངས་རེ་བའི་ལོ་ལེགས་ཨེ་བཟང་ངམ།།
ས་གཞི་སྐྱེལ་ཡངས་ཆེ་ཡང་བཅུད་ཀྱིས་སྟོང་།།
ལང་ཚོའི་འདབ་ལོ་རྒྱས་ཀྱང་དུས་ཀྱིས་སད།།
དཔྱིད་ཀྱི་དུས་འདིའི་བཀོད་པ་མ་ལེགས་ན།།
དབྱར་ཟླ་འབྲིང་པོའི་སྤང་ལྗོངས་ཨེ་མཛེས་སམ།།
༢༠༢༡ ༦ ༡༦

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*