རྨི་ལམ་གྱི་གྲིབ་གཟུགས།

                              ཁྲག་གདོང་།  དཀར་མཛེས།

ཚིག་གི་རི་མོ་མ་འབྲི་གངས་རི་བྲིས།།
གངས་རིའི་འོད་དེ་བྲིས་པའི་མི་བུ་ནི།།
ཚོར་བྱུང་རབ་དང་རིམ་པའི་མི་ཚེ་ལ།།
སྡུ་གུའི་ལང་ཚོ་ནང་དུ་ཅི་ཞིག་མངོན།།
རིང་དུ་གྱེས་པའི་རྨི་ལམ་སྣ་ཚོགས་ལ།།
ལས་ནི་ཚོར་བ་ར་རིའི་གྲིབ་མ་ཡོངས།།
སྟོང་པའི་ལག་ཏུ་ཐོགས་པ་འདི་ཁོ་ན།།

སྐྱེ་བའི་མེ་ཏོག་ལྷན་དུ་ཚོད་ཚོད་ངང་།།
མིང་མེད་ཐ་སྙད་རེ་རེས་རྨི་ལམ་བྲིས།།
ཞེ་རུ་ཟུག་པའི་སོས་ཀའི་ལྗོན་པ་ཀུན།།
སྨིན་ཞིང་གྲོལ་བའི་ཚད་དུ་གསལ་བ་ལ།།
སྐྱ་བོའི་མདོག་གི་གཟུགས་ནི་ཅི་ཞིག་སྟེ།།
འདུ་འབྲལ་སྒྱུ་མའི་ངོ་བོ་དེ་ཉིད་ལས།།
ཟག་པའི་རྨི་ལམ་ནང་གི་གྲིབ་མ་ཞིག།

སྙིང་ཆུང་དྲུག་གི་པི་ཝང་གླུ་རུ་འབྲེལ།།
གླུ་མཐའ་གཡང་གི་ཆེད་དུ་འདོད་པ་ནི།།
འཚོ་བའི་མེ་ལོང་ངོས་སུ་ཤིན་ཏུ་གསལ།།
བསིལ་མའི་ཚིག་ལ་ཉེ་བའི་ལས་ཤིག་སྟེ།།
པད་མའི་འཛུམ་པ་ནང་གི་སྣང་བ་ཡང་།།
མ་བཅོས་རང་བྱུང་མེ་ཏོག་ཇི་བཞིན་ལ།།
མཐོང་བ་རབ་ཏུ་དགའ་བ་འདི་བས་ཅི།།

སྲོད་ཀྱི་སྣང་བ་གང་འཕྲོ་རླུང་ལ་བཏུམ།།
རི་སྐེད་སྨུག་སྤྲིན་དེ་ཡང་སྙིང་དུ་སྡུག།
ནང་སེམས་ལྷོད་ལྷོད་ངང་དུ་ཡོ་ལང་ཞིག།
མཛེས་པ་ཡིད་དུ་བཀོད་པའི་སྐྱེ་བ་འདིར།།
ཕྱིར་དྲན་ཚོར་བ་གང་ཡོད་མ་མྱོང་ནས།།
དྲན་པ་རླུང་ལྟར་གཡོ་བའི་མཐོང་བ་རུ།།
ང་ཡི་མིག་ཟུང་དབང་ཐབས་མ་བྱུང་ཨང་།།

ཡིད་ཀྱི་གཞི་རུ་ཆགས་པའི་རྣམ་དག་ཅིག།
སྙིང་པོའི་བརྗོད་གཞི་ཡིན་པ་ངག་ཏུ་སྨྲས།།
ཉམས་ཀྱི་ཟུར་མཐར་རུམ་པ་ཅི་ཡི་ཕྱིར།།
རྟོག་བཏགས་ཚིག་གི་བོར་ན་འཆིང་བ་དེ།།
འགྱུར་ལྡོག་གྱ་གྱུའི་ཁྲོད་དུ་བླ་ལྷག་ངང་།།
ལྗང་མདོག་ནང་གི་དབྱར་ཁ་ཇི་བཞིན་དུ།།
རྟག་སྟོང་ཚོར་བའི་རླབས་དང་ཤིན་ཏུ་ཉེ།།

2021 6 10 མཚན་གུང་ལ་བྲིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*