སྙན་ངག་ཚན་པ་གསུམ།

ང་རང་གཡོ་ཟོལ་མེད་པའི་སྐར་མདའ་ཞིག་སྟེ། །

སུ་ལ་ཕྱོགས་ཞེན་མེད་པའི་དྲང་གཏམ་སྨྲས་ཚེ། །

བསྟོད་སྨད་གཉིས་ཀྱིས་མདའ་མོ་འཕེན་གྲངས་མང་བས། །

མི་འགྱུར་སེམས་ཀྱི་ཀ་བ་རང་ཤུགས་འགྱེལ་སོང་། །

དུས་ནི་མི་འགྱུར་མི་ཚོགས་འགྱུར་བ་ཡིན་པས། །

གྱང་ཁའི་བྱ་སྒྲོ་ལྟར་དུ་རླུང་གིས་གཡོ་སླ། །

ཕ་གཏམ་བུ་ལ་འགལ་བའི་དུས་ཚིགས་འདི་ནས། །

ཁེར་རྐྱང་ནགས་ཁྲོད་ནང་ནས་ལོ་ཟླ་བསྐྱལ་འདོད། །

ཉེར་གཅིག་དུས་འདིར་ཁ་བའི་ལྗོངས་སུ་སྐྱེས་ཏེ། །

བྱིས་པའི་ལོ་ཟླ་ཕྱུག་ཟོག་རྗེས་ནས་ཟད་སོང་། །

ཚེ་ཡི་སྐུད་པ་དོན་མེད་ངང་དུ་ཡལ་བས། །

འཇིག་རྟེན་འཁྱག་པ་འདི་ལ་ཟས་རིན་མ་སོད། །

སྐྱིད་ལ་སྡུག་པའི་ཉི་ཤུའི་བང་རིམ་བརྒལ་དུས། །

ང་རང་ཡི་གེའི་གུར་ཁང་ནང་དུ་གནས་ཡོད། །

ཚིག་གིས་མཚོན་པའི་རི་མོ་ང་ལ་མེད་ཀྱང་། །

དོན་གྱི་བརྗིད་པའི་ཨ་ཡིག་སེམས་སུ་ཉལ་ཡོད། །

ཉི་ནུབ་ཁྲོད་ནས་འདས་སོང་ཕྱིར་རྟོག་བྱས་ན། །

བྱ་ཁྱུ་བང་རིམ་བསྒྲིགས་ནས་ལྷོ་མཐའ་བརྒྱུད་དེ། །

གཤོག་པའི་སྣེ་རུ་མེ་ལྕེ་འཁོར་ལོ་འཁོར་བཞིན། །

བར་སྣང་དགུ་ཚིགས་བཅོད་པས་ཡིད་སེམས་སྤྲོ་བྱུང་། །

གཞོན་པའི་དུས་སུ་རང་སྣང་དགུང་ལས་མཐོ་ཞིང་། །

བྱེ་མའི་ཐང་དུ་སོང་བའི་རྐང་རྗེས་དེ་དག །

མིག་གིས་མཐོང་ན་སྙིང་ལ་ན་ཚ་གཏོང་བའི། །

འདས་སོང་རི་མོ་དེ་དག་བསུབ་ཐབས་མི་འདུག །

ཉམས་དགའ་བའི་གླུ།

འདི་སྣང་ལས་ལ་སྙིང་པོ་མེད་ན་ཡང་། །

ཨ་ཆད་ཨུ་ཐུགས་བྱས་ནས་རྒྱུག་དགོས་བྱུང་། །

རེས་དགའ་རེས་སྐྱིད་འཁོར་བའི་གདུགས་འོག་ཏུ། །

ཁྱེད་རང་འཚོལ་བ་དེ་ཡང་ཤིན་ཏུ་དཀའ། །

དགའ་སྐྱོ་འདྲིས་མའི་ལོ་ཟླ་རབ་རིབ་ནང་། །

འབད་པའི་ལས་དེ་དོན་སྙིང་ཡོད་པ་ན། །

དམུ་རྒོད་སྐྱེ་བོ་མགུ་ཡང་མ་མགུ་རུང་། །

རང་སེམས་འགྱོད་མེད་ངང་ནས་སོང་ན་སྐྱིད། །

སེམས་ཀྱི་རེ་བ་རྒྱང་རིང་ཡུལ་ལ་གཏད། །

ཕུགས་ཀྱི་འདུན་མ་མཆོག་གསུམ་གཙུག་ཏུ་བཀུར། །

གླེགས་བམ་གསང་ནས་རང་ལམ་འཚོལ་བ་འདི། །

ལམ་གྱི་བགྲོད་ཚུལ་ནང་ནས་མཐར་ཐུག་ཡིན། །

ཁེར་རྐྱང་འགྲིམ་པའི་ལོ་ཟླ་རྔམ་མཐུག་ཀྱང་། །

འཚོ་བ་སྐྱ་ཆད་སྔོ་སྡུག་ཞེ་མེར་ཡང་། །

འཇུག་པའི་ལམ་དེ་ནོར་བ་མེད་པ་ན། །

ནང་སེམས་སྤྲོ་དགའི་ངང་ནས་འཇུག་པར་རིགས། །

དུས་ནི་མི་སྡོད་ཆུ་བོ་བཞིན་དུ་བཞུར། །

ཚེ་ཡི་སྐུད་པ་ཉག་ཕྲག་གྱུར་དུས་སུ། །

མི་ཚེ་སྙིང་པོ་དོན་མེད་མ་ཡལ་ཚེ། །

སྐྱོ་ཡང་སྡུག་ཀྱང་ལས་ནི་དཀར་པོ་འོ། །

བརྩེ་འཕྲིན།

ཡིད་ལ་འོང་བའི་ཁྱོད་ཀྱི་གྲིབ་གཟུགས། །

མིག་གིས་འཚོ་ནས་མི་ཚེ་གཅིག་འགོར། །

ཤར་དང་ལྷོ་ཡིས་བཅད་པ་མིན་ན། །

བར་ཐག་གནམ་སའི་བརྒལ་དགོས་མི་འདུག  །

ཚེ་གཅིག་ལས་ཀྱི་སྐྱ་ཡ་མིན་རུང་། །

ཚེ་ཐོག་འདི་ནས་ཡིད་ཀྱི་འཁྲི་ཤིང་། །

རབ་རིབ་སྨུག་པའི་ལོ་ཟླའི་ནང་ནས། །

དགའ་སྡུག་འཚོ་བའི་རི་མོ་ཕབ་ས། །

མི་སྡོད་དུས་ཀྱི་རླུང་དམར་གཡུག་ཀྱང་། །

ཡོད་ཚད་ཤོག་ལྷེ་བཞིན་དུ་སྤུར་ཀྱང་། །

ཡིད་ལ་འོང་བའི་སྙིང་སྡུག་ཚེ་འཚོ། །

རི་རྒྱལ་ལྟ་བུར་བརྟན་ན་དེའི་ཆོག  །

ཉིན་དང་མཚན་མོ་གཉིས་ཀྱི་བར་ལ། །

ཁྱོད་དང་འབྲེལ་བའི་དུས་ཚོད་གཅིག་ཡོད། །

ཚེ་དང་སྲོག་གི་ཁྲག་ཐིགས་་ཕུད་ནས། །

སླད་མེད་བརྩེ་བའི་སྙན་ཚིག་བསྟར་ཡོད། །

དོ་ཞག་ཁྱོད་རང་བདེ་མོ་ཡིན་ནམ། །

དཔྱིད་ཀྱི་ཁ་བ་ལྷབ་ལྷུབ་འབབ་དུས། །

ཚིག་གསུམ་སྙིང་གི་སྐད་ཆ་དེ་དག ལལ

ཁ་བ་ལྷན་དུ་ཞུ་བཞིན་་མེད་དམ། །

ཕན་ཚུན་འཕྲད་པའི་ལས་དབང་མེད་ཀྱང་། །

བརྩེ་བའི་མེ་ཏོག་རྙིད་རྒྱུ་མི་འདུག  །

ནམ་ཟླ་དུས་བཞི་རེས་མོས་འཁོར་ཀྱང་། །

ཁྱོད་རང་སེམས་ནས་ཡལ་ཐབས་མི་འདུག །

ཕུགས་ཀྱི་འདུན་མ་རྒྱང་རིང་གཏད་ཅིང་། །

རྒྱ་ལྕང་སྐྲ་ལོ་རལ་གྲིས་བཅད་ནས། །

འདུ་འཛི་སྤང་ནས་ནགས་ཀྱི་དབུས་ན། །

ཁུ་སིམ་བཞུགས་པས་བདག་ཡིད་སྤྲོ་འོ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*