ཕ་ཡུལ།  

                                                                                      དུ་སྤྲིན།              ཡུལ་ཤུལ།

ཉིན་འདི་དག་གི་རིང་ངས་ཞོགས་པ་དང་ས་སྲོས་ཀྱི་དུས་ཚོད་རེ་རེའི་ལྭ་བ་བཀྱགས་ནས་​ཕ་ཡུལ་གྱི་ཕྱོགས་སུ་ལྟ་བཞིན་ཡོད།

​ཕ་ཡུལ་གྱི་ཕྱོགས་སུ་ལྟ་ཐེངས་རེར་ཕ་ཡུལ་དུ་གནས་པའི་ཡུལ་མི་དྲན་ཡོང་། ཕ་ཡུལ་དུ་གནས་པའི་དྲིན་ཆེན་གྱི་མ་ལོ་ལགས་དྲན་ཡོང་། ང་རང་འདི་ལྟར་ཕ་ཡུལ་དང་རྒྱང་བསྐྱེད་ནའང་།  ཕ་ཡུལ་གྱི་མཛེས་སྡུག་ངའི་སེམས་དང་མཉམ་དུ་གྲིབ་མ་ལྟར་འགྲོགས་ནས་ང་རང་ལ་སྤྲོ་སྣང་འཆད་ཀྱིན་འདུག

ཕ་ཡུལ་​ནི་ཆུང་བྱིས་པའི་དུས་སུ་རྨི་ལམ་གྱི་རྒུམ་འབུ་བཏུས་ས་ཞིག་ཡིན། གཞོན་དར་མའི་སྐབས་སུ་ལང་ཚོའི་ཁ་དོག་ངོམ་ས་ཞིག་ཀྱང་ཡིན། ཕ་ཡུལ་ནི་ཡིག་འབྲུ་གཉིས་ཁོ་ནས་གྲུབ་ནའང་ཡིག་འབྲུ་གཉིས་ཁོ་ནས་མཚོན་ཐུབ་པ་ཞིག་ག་ལ་ཡིན། ཕ་ཡུལ་ནི་བཤད་ན་བརྗོད་ཀྱིས་མི་ལང་པའི་སྒྲུང་གཏམ་ཞིག་ཡིན།  ཕ་ཡུལ་ལགས།  ང་ཁྱོད་ཀྱི་པང་ནས་ཐོག་མར་འཚར་ལོངས་བྱུང་ཞིང་སླར་ཡང་ཁྱོད་ཀྱི་པང་དུ་རྒས་དགོས་པ་འདི་ལས་དབང་ཞིག་ཅི་ལ་མིན།  དེས་ན་འུ་གཉིས་ཀྱི་བར་དུ་སུས་ཀྱང་རྟོགས་མི་ཐུབ་པའི་གཟུགས་མེད་ཀྱི་འདང་བརྩེ་ཟབ་མོ་ཞིག་ཡོད།

ཕ་ཡུལ་ནི་སྙན་ངག་པ་ཚོས་དགའ་སྐྱོའི་ཚོར་བ་བརྗོད་སའི་ཆུང་མ་ཞིག་ཡིན་ལ། ཕ་ཡུལ་ནི་འབྲོག་པའི་རྫི་བོ་ཚོས་གླུ་ཆུང་ལེན་སའི་གར་སྟེགས་ཤིག་ཀྱང་ཡིན། ཕ་ཡུལ་དང་བྲལ་བ་ནི་ཆུང་མ་དང་བྲལ་བ་དང་འདྲ། ཕ་ཡུལ་དང་བྲལ་བ་ནི་གར་སྟེགས་ཤིག་དང་བྲལ་བ་དང་འདྲ། ​ཕ་ཡུལ་དང་བྲལ་བ་ནི་ཁེར་རྐྱང་གི་འཚོ་བ་དང་ཁ་ཐག་ཉེ་ཚུལ་ཞིག་ཡིན། ང་ཚོའི་ལྟེ་ཁྲག་གི་མེ་ཏོག་ས་ལ་ཐོར་བ་ནས་བཟུང་ང་ཚོ་ལ་ཕ་ཡུལ་ཡོད་སོང་བ་ཡིན། མི་རེ་རེའི་སེམས་ན་ཕ་ཡུལ་རེ་ཡོད། མི་རེ་རེའི་སེམས་ཀྱི་ཕ་ཡུལ་ཧ་ཅང་མི་འདྲ་སྟེ།  ལ་ལ་གྲུ་བཞི་ཡིན་ལ། ལ་ལ་ནར་མོའང་ཡིན། ང་ཚོ་ལ་ཕ་ཡུལ་ཡོད་པས་ང་ཚོ་ལ་ལོག་མལ་ཡོད། 

ངའི་ཕ་ཡུལ་ནི་གྲུ་གཞི་ཞིག་ཡིན།

སེམས་ཀྱི་སྟེང་འོག་གཡས་གཡོན་གང་དུ་བཞག་ན་ཁྲིགས་སེར་འགྲིག་པའི་གྲུབ་བཞི་ཞིག་ཡིན།  ཕ་ཡུལ་གྱི་ཁ་དོག་ནི་མདོག་འགྱུར་ཤེལ་མིག་དང་ཧ་ཅང་མཚུངས།  སྐབས་རེ་སྔོན་པོ་ཡིན་ལ།  ལན་རེ་སེར་པོ་ཡིན། རི་མོ་མཁན་གྱིས་ཚོན་རྩི་དངོས་སུ་མ་བྱུགས་པའི་རང་བྱུང་ལྷུན་གྲུབ་ཀྱི་ཚོན་མདོག་གོས་སུ་བཀླུབས་ནས་མིག་ལམ་དུ་འགྱིང་ཡོང་དུས།  ད་གཟོད་མཐོ་ཞིང་བརྗིད་པའི་རི་བོ། དྭངས་ཤིང་གསལ་བའི་ཆུ་བོ། སྔོ་ཞིང་ཡངས་པའི་རྩྭ་ཐང་འདི་དག་ནི་ཁྱོད་རང་མཛེས་བྱེད་དུ་གྲུབ་པའི་རབ་བྱུང་གི་རྒྱན་ཆ་ཉག་གཅིག་ཡིན།   ཕ་ཡུལ་ལགས།  ཁྱོད་ཀྱི་པང་ནས་མེས་པོ་ག་ཚད་བྱ་རྒོད་ལྟར་འཕུར་མྱོང་། བདག་ཁྱོད་ཀྱི་ཉེ་སར་མེད་ནའང་ཡོད་ཡོད་ཀྱིས་ཁྱོད་རང་རྟག་ཏུ་སེམས་ཀྱིས་སྲུང་ཡོད།  མིག་གིས་འཚོས་ཡོད། 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*