དུར་མེའི་སྙན་ངག་ཆེད་བཀོད།

                                                          ནོར་བུ་རྙེད་ཚུལ།
ང་རང  དཔྱིད་ཀྱི་མེ་ཏོག་དང་རྒྱང་ཐག་རིང་ཚུལ་ནི
གངས་འདབས་ཀྱི་དྭངས་གཙང་གི་ཁ་བ་དང
རླུང་བུ་ཁོ་ནས་བསྒྲིགས་པའི་གཏམ་རྒྱུད་ཅིག་སྟེ___
ལྷབ་ལྷུབ་ཀྱི་ཁ་བའི་འདུ་ལོང་ལ་གཅུད་པའི་རི་བོའི་ཕ་རོལ་ན
ཅི་ཞིག་ཡོད་པ་མཐོང་མི་ཐུབ་ནའང
གདུང་བའི་བར་ཐག་འཚོལ་ནུས་པའི་ཁྱེད་ཀྱི
ལས་དབང་ལ་སེམས་གཞས་གླན་པའི་ངང་ཚུལ་དེས
ང་རང་རྦད་དེ་བདེ་བ་ཅན་དུ་དྲངས་སོང
ཁ་བ་འབབ་པའི་མཚན་མོ་རེ་རེའི་ནམ་ཟླ་ནི
བྱུར་བུར་བཏབ་པའི་བརྩེ་ཞེན་གྱི་དུང་ཤ་ཁོ་ནར་བདོག་ཅིང
ལག་པས་རེག་བཏུབ་པའི་དུངས་སྣང་ཡང་ཁད་ཀྱིས་འཁྲོལ་སླ་བ་ཞིག་རེད
དེའི་རྐྱེན་གྱིས    ཁ་བའི་ཀློང་གི་གསང་འཛོམས་རེ་རེ་ནི
“ཟླ་འོད་འོག་གི་གསང་འཛོམས”①  ལྟར་དུ
བརྩེ་གདུང་གི་མཚོ་མོ་འཕྱུར་སླ་བའི་མཚན་མོ་ཞིག་དང
འཆར་ཡན་གྱི་ཉིང་ཁུས་བརླན་དྲགས་པའི་མཚན་མོ་ཞིག་རེད
ཡང་ན  མིའི་གཉུག་གཤིས་སུ་ཡོད་པའི་བརྩེ་དྲོད་མཐའ་དག
རྣམ་ཤེས་ཀྱི་གཏིང་འོག་བར་གསུམ་ཀུན་ཏུ
སིམ་མྱུལ་བྱེད་ཀྱིན་པའི་མཚན་མོ་ཞིག་རེད
མཚན་མོ་དེར་ཡང་བདག་གི་སེམས་སུ
ཁ་བ་མ་ཡིན་པའི་ཁ་བ་མང་པོ་ཞིག་བབས་སོང་ལ
རླུང་བུ་མ་ཡིན་པའི་རླུང་བུ་མང་པོ་ཞིག་ཀྱང་གཡུགས་སོང
ཁ་བ   མཚན་མོ   རླུང་བུ
རླུང་བུ  མཚན་མོ   ཁ་བ…
ཁ་བའི་ནང་གི་ཁོ་མོའི་ཞབས་རྗེས  ད་དུང་ཁོ་མོའི་རྒྱབ་གཟུགས
འདི་དག་ཐམས་ཅད་བདག་གི་སྙན་ངག་འགྲུབ་བྱེད་ཀྱི
སྲོག་དང་ཡིད་བརྙན་འབའ་ཞིག་རེད་ཨང
……
  ①འཛམ་གླིང་དུ་སྐད་གྲགས་ཆེ་བའི་དབྱིན་ཇིའི་རྩོམ་པ་པོ་ཝི་ལི་ཨམ·ཤེག་སི་པེ་ཡར་གྱི་འཐུས་ཚབ་བརྩམས་ཆོས་《རོ་མེ་འོ་དང་ཇི་ལི་ཀྲི》ཡི་བསྡུས་མིང་།
                                                                              25/4/2021
ཟླ་བརྒྱད་པ་འདི་མྱུར་དུ་རྫོགས་ན་བསམ།
       ༡
རྨི་ལམ་སྒུམ་པའི་འཆར་ཡན་གྱི་གཏམ་རྒྱུད་ཅིག་མཇུག་རྫོགས་རྗེས
ཟླ་བརྒྱད་པ་འདི་མྱུར་དུ་རྫོགས་ན་བསམ
                             ༢
ཆེས་དྭངས་གཙང་དུ་ཡོད་པའི་ཚེ་སྲོག་གི་འགུལ་སྟངས་རེ་རེས
ཞེ་དོག་དང་ཧམ་སེམས་སོགས་རྨེག་མེད་དུ་བཅོམ་སྟེ
མི་སེམས་ལ་སྨྲེང་བ་བཟོ་མི་ཐུབ་པའི་འཁྲབ་སྟོན་དེར་ལྟ་ཐེངས་རེར
ཟླ་བརྒྱད་པ་འདི་མྱུར་དུ་རྫོགས་ན་བསམ
                             ༣
རོལ་དབྱངས་ཟ་ཟིས་ཚོར་ཤེས་ཀྱི་སྣང་བ་བཟི་རུ་བཅུག་པའང
ཉམ་ཆུང་གི་ཚེ་སྲོག་ཅིག་ཇེ་གཉོམ་དུ་བཏང་བ་དང་ཤིན་ཏུ་འདྲ
                              ༤
ཉི་ཟླའི་འཆར་ནུབ་དང་ཆར་རླུང་གི་བསིལ་གྲང་བར་གྱི
ཆགས་སྡང་གིས་མ་བསླད་པའི་སེམས་པ་འདི
འཐོབ་དཀའ་བའི་བདེ་སྐྱིད་དེ་ཡིན་ནམ
དཀྲོལ་མཉེས་པའི་དབྱངས་རྟ་དེ་ཡིན་ནམ
མྱོང་མི་ཐུབ་པའི་སྐད་ཅིག་གི་རྟོག་འགྱུ་དེ་ཡིན་ནམ
ཡང་ན  འདས་ཟིན་པའི་ལྗན་ལྗིན་གྱི་མཁའ་དབུགས་ཤིག་ཀྱང་ཡིན་ནམ
                               ༥
ཞི་འཇམ་གྱི་མཚན་མོ་ནི་སྔར་བཞིན་སླེབས
མཚན་མོ་རེ་རེར
ནང་སེམས་ཀྱི་ཚོར་འདུ་ལག་མཐིལ་དུ་འཁྱིལ་འདྲའི་འཆར་ཡན་གྱིས
མཚན་གཞུང་གི་གྲང་ངར་གདུང་ཡུས་སུ་བརྒྱུས་པའི་དམྱུགས་སྟོབས་ཀྱིས
ཤག་ཤག་གི་ཆར་སྒྲ་ཁོ་ནའང་གཏམ་རྒྱུད་ཅིག་ཏུ་རློམ་པའི་འཕྲུལ་སྣང་སོགས་ཀྱིས
ངས་ཟླ་བརྒྱད་པ་འདི་མྱུར་དུ་རྫོགས་ན་བསམ
21/8/2021
                           ང་ཡི་མེ་ཏོག
འཇའ་དང་མེ་ཡི་ལག་པའི་འོད་ངོགས་ནས          སེམས་ཀྱིས་བཏབ་པའི་མེ་ཏོག་ལན་མང་འགུལ
 _____ཁ་བྱང་གི་འགྲེལ།
             ༡
ཚེ་རབས་དུ་མར་བསྒུགས་མཐར
ཁྱེད་རང་གློ་བུར་དུ་སྨིན་དྲུག་ཟླ་བར
གཉོམ་དུང་དུང་གིས་ང་ཡི་ལྡུམ་རའི་ནང་དུ་བཞད
ས་ཆེན་གཡོ་བའི་རྨི་ལམ་གྱི་གྲུ་ཟུར་རེ་རེ་ནས
ཁྱེད་ཀྱིས་ཕྱོགས་པའི་མིག་ཟུང་དང
བདག་གི་ལས་དབང་གཉིས་ལ་འཕལ་ཀ་འཕྲོད་སོང
སྐབས་འདིར་ཁྱེད་རང་བཞད་པ
དུས་ཀྱི་ཆོས་ཉིད་དང་འགལ་ཡོད་ནའང
ནམ་རྒྱུན་བདག་གི་ཉེ་ས་ན་ཤར་བའི
མག་མོག་གི་འོད་ཀྱི་ཕུང་བོ་དེ་དག
གཏན་དུ་མི་སྣང་བར་གྱུར་བ་འདིས
ཡོད་ཚད་ལ་གསལ་བཤད་དང་བདེན་དཔང་བྱས་སོང
དེ་བས  ཁྱེད་ལ་བྲེད་སྣང་ཕྲན་བུ་དེ་དག་སྐྱེ་དགོས་དོན་ཅི་ཡང་མེད
              ༢
གཞོན་པའི་དུས་ཀྱི་རྨི་ལམ་གྱིས
བསྩལ་བའི་སྡུག་བསྔལ་བྱེ་བ་བརྒྱས
ལོ་དང་ཟླ་བ་མང་པོ་རུ
དྭངས་ཤིང་གཙང་བའི་ཁྲེལ་གཞུང་བཙལ
ཐ་མར    མཛེས་པའི་ཁ་དོག་དང་རི་མོའང་ཡལ་རྗེལ
སྒྱུ་མའི་དུ་སྤྲིན་ཀློང་ནས་རྟ་དང་གླང་བོ་འབྱུང་ངམ
ལྷ་ཀླུའི་དབྱངས་རྟར་དུད་དྲེག་ཆགས་འདུག་པས
ངས་འཐོམ་སྦྲིད་དང་འཕྲུལ་སྣང་གི་གཞས་གཏོང་མ་ཕོད
                ༣
ཁྱོད་ཀྱིས་ཟུར་མིག་གི་ལྕགས་མདའ་ཐོགས་ཏེ
ཆགས་སྲེད་ཀྱི་གོམ་འགྲོས་རྒྱག་དུས
ང་ཡི་ཏིང་འཛིན་གྱི་མཚམས་ཁང་ཞིག་ཅིང
རླུང་བུ་ལྟ་བུའི་ཤེས་རབ་ཀྱང་འཆོལ་སོང
ཁྱོད་ཀྱིས་ཞེན་ཆགས་ཀྱི་དར་ཟབ་བཀླུབས་ཏེ
སྐྱོ་ཡུས་ཀྱི་མགོ་བོ་འདེགས་དུས
ང་ཡི་སྙན་ངག་རྣམས་འཐེང་བར་གྱུརད་ཅིང
མེ་སྟག་ལྟ་བུའི་སེམས་པའང་དགུང་ལ་ཡལ
ཁྱོད་ཀྱིས་མེ་ཏོག་གི་ཡུ་བ་བཅད་ནས
ཨུ་ཚུགས་ཀྱིས་ལས་དབང་ལ་ཅོ་འདྲི་བ་མཐོང་དུས
ང་ཡི་བརྩེ་དུང་གི་རྟོགས་པ་སད་དེ
ཁྱོད་རང་མིག་གིས་འཚོས་ཤིང་སེམས་ཀྱིས་བཙལ
                   ༤
བསེར་མ་ལྡོམ་པོ་ཞིག་ལ་གྲོགས་བསྒྲིགས་ཀྱང
མུན་ནག་ཁྲོད་ནས་རླུང་བུ་འཚུབ་གྱུར་ཚེ
རྒྱུས་པ་དགུ་བརྒྱ་སྟོད་སྨད་དུ་གྱེས་ཏེ
ཤ་རུས་ལྷུ་པགས་སོ་སོར་ཕྲལ་བར་འགྱུར
དེའི་ཚེ་ཁྱོད་ཀྱི་ལང་ཚོའི་གྲིབ་གཟུགས་ཀྱིས
ང་ཡི་རྣམ་ཤེས་མེ་རུ་སྦར་བའམ
ཆུ་ལ་བསྐྱུརད་སྟེ་སྡུག་པའི་ཀུ་ཅོ་འདོན
དྲི་ཟའི་གྲོང་ནས་དཀྲོལ་བའི་དབྱངས་སྙན་རེས
ཁོ་བོ་དག་པའི་ཞིང་དུ་འདྲེན་སྙམ་བྱེད
མྱ་ངམ་ཐང་གི་མྱ་ངན་དགུ་བརྩེགས་རེས
དམྱལ་བ་རྡོ་རྗེ་གདན་ལའང་འཕེན་གྱིས་དོགས
ཡིན་ཡང་འདི་དག་ཐམས་ཅད་བདེན་པར་མ་གྲུབ་པའི
ལས་སྣང་ཙམ་དུ་ཡུན་གྱིས་ཤེས་གྱུར་ཚེ
ལྷབ་ལྷུབ་གཡོ་བའི་མེ་ལྕེའི་འོད་ངོགས་ནས
ང་རང་ཁྱོད་ཀྱི་གཏམ་རྒྱུད་དང
ཁྱོད་ཀྱི་དཀྱེལ་ཡངས   ལྷུན་ཆགས   ཞི་དུལ
བག་ཕེབས  གཤིས་འཇམ་སོགས་མང་པོ་ཞིག་གིས་ར་བཟི་བར་གྱུརད་ཅིང
གཏན་དུ་མི་སད་པའི་སྨོན་ལམ་བཏབ
20/1/2021

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*