བརྩེ་བའི་ཞུ་འཕྲིན།

                         གཞུག་ཉིད། དཀར་མཛེས།

སྐྱེ་གཟུགས་མིག་ལ་འཕྲོད་པའི་སྨིན་མཛེས་མ། །
སྐད་འཇམ་རྣ་ལ་རན་པའི་འཛུམ་ཁ་མ། །
ཞལ་རས་ཟླ་དཀར་དྭངས་བའི་ཡིད་འོང་མ། །
སྐུ་གཟུགས་ཐང་གའི་རང་བཞིན་ཡིད་ལ་གསལ། །

ཁྱོད་ནི་བདག་གི་བརྩེ་བའི་ཞིང་ཁ་རུ།།
ལས་ཀྱིས་འབུས་པའི་མྱུ་གུ་ཡིན་པ་འདྲ།།
ཚེ་རབས་སྔོན་མ་བཏབ་པའི་ས་བོན་ལས།།
བརྩེ་བའི་ལྷ་མོ་ཁྱོད་ཉིད་འཁྲུངས་པ་འདྲ།།

འཁོར་བའི་ཉིན་སྲིབ་གཉིས་ལ་མེ་ཏོག་བཞད། །
བདག་གི་སྙིང་ཁ་ཁྱོད་རང་གཅིག་པུར་བཞད། །
མཛེས་སྡུག་ཡལ་བ་མེད་པའི་ཨུ་དུམ་ཝར། །
ཚེ་རབས་ལས་ཀྱིས་དྲན་ཤིང་ཁྱོད་ཉིད་ཡིན། །

ཆུང་ནས་འདྲིས་པའི་ཆུང་རོགས་མ་ཡིན་ལ། །
རིང་ནས་འདྲིས་པའི་གྲོགས་ཤིག་མ་ཡིན་ཀྱང་། །
སེམས་པ་དྭངས་གཙང་སྔོན་མོ་ཁྱོད་ལ་མཆོད། །
དུང་སེམས་དར་ཐག་དཀར་པོ་ཁྱོད་ཕྱོགས་འཐེན། །

འཁོར་བའི་རི་ལ་སྐྱེས་པའི་ཁོ་བོ་ལ། །
བདེ་སྡུག་གླུ་གཞས་ལེན་རོགས་ཨེ་བྱེད་ལགས། །
ནང་སེམས་སྤྲིན་གྱི་རྟ་ཕོ་ཁ་ལོ་མེད། །
གོམ་འགྲོས་ཁྱོད་ཕྱོགས་འཆོར་བ་ལན་གཅིག་མིན། །

ཡིད་ཆེས་གསེར་གྱི་མེ་ཏོག་བཞད་བཞད་ནས། །
བརྩེ་བའི་ཞུ་འཕྲིན་བྲིས་པ་གྲངས་ལས་འདས། །
རྣམ་རྟོག་ཞེ་ཆགས་འདི་ལ་ཚད་ཅིག་མེད། །
སྟོང་བསམ་ཁོ་ནས་གྲུབ་པའི་སྒྲུང་ཞིག་ཡོད། །

ས་སྲོད་མཚམས་སྤྲིན་རྒྱང་ནས་བཞུར་དུས་སུ། །
ཁོ་བོ་དྲན་གདུང་ཀློང་དུ་ཁེན་ནས་ཐལ། །
འདྲ་པར་རྐྱང་པ་གཏན་གྱི་འདུག་རོགས་སུ། །
བསྒོམ་ནས་བསྡད་ནའང་ཁོ་བོ་ལར་ནས་འཐད། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*