ཁ་ཆད།

ཞར་བཀོད་གཉིས།

དགུན་རླུང་གིས་གང་སར་སྤུར་བའི་རྩྭ་ལུད་དེ་མ་ཡིན་པར། །

བར་སྣང་དུ་ལྡིང་སྐོར་རྒྱག་ཤེས་པའི་བྲག་ཐེམ་གྱི་གླག་དེ་ཡིན། ། 

ཉི་ནུབ་ཀྱིས་རབ་ཏུ་རྨུགས་པའི་གྲུ་པ་དེ་མ་ཡིན་པར། །

ཐང་ཡངས་སུ་མེ་ཏོག་བྱིལ་བའི་འཇམ་མཉེན་གྱི་རླུང་བུ་ཞིག་ཡིན། །

རྡུལ་ཚོན་གྱིས་རྨས་བཏབ་པའི་སྦྲང་བུ་དེ་མ་ཡིན་པར། །

ཕུན་ཚོགས་ཀྱི་གེ་སར་ལྡག་པའི་ཕྱེ་མ་ལེབ་ཁྲ་བོ་ཞིག་ཡིན། །

རི་ཞོལ་དུ་ཁངས་ཀྱིས་ཕྱིད་པའི་རྟ་ཁྱུ་དེ་མ་ཡིན་པར། །

ནགས་ཟོམ་དུ་ཐོལ་གྱིས་རྩེན་པའི་སྤྲེའུ་རྒོད་ཀྱི་ཁྱུ་ཚོགས་དེ་ཡིན། །

མེ་ལོང་ནང་རང་ལ་རྨོངས་པའི་མི་གཏའ་དེ་མ་ཡིན་པར། །

ནང་སེམས་ཀྱི་དབྱར་ཁ་ཁྲིགས་སེ་ཤེས་པའི་རྫོགས་ལྡན་པ་ཞིག་ཡིན། །

འཁྲུལ་སྣང་གི་རྩེ་མོར་འགོས་པའི་བྱེའུ་ཚོམ་དེ་མ་ཡིན་པར། །

གཞན་སེམས་སུ་དབྱར་ལྗོངས་འབྲི་ཤེས་པའི་ལྷ་ཆེན་པོ་ཞིག་ཀྱང་ཡིན། །

མི་སེམས།

ནམ་མཁར་མི་སྡུག་འབྲི་བའི་སྤྲིན་གྱི་སྒྱུ་འཕྲུལ།།

མཚན་མོ་རང་ཤི་རྒྱག་པའི་སྐར་མདའ་ཁྲ་མོ།།

རྫ་རི་ངོས་སུ་འཁྱུད་པའི་སྨུག་པ་དུམ་དུམ།།

མ་ཎི་འབྲུ་དྲུག་བརྡལ་བའི་ཉག་གའི་དར་ལྕོག།

རླུང་གིས་གྱེས་བརྡ་གཏོང་བའི་ལྗོན་པའི་སྒུལ་སྟངས།།

བར་སྣང་མག་མོག་འབྲི་བའི་བྱེ་མའི་དཀྱིལ་འཁོར།།

གཉུག་མའི་དབུ་སྐྲ་བྲན་པའི་སྤྲིན་གྱི་གཅིན་པ།།

ཡིད་གར་སྤྲོ་སྣང་བྱིན་པའི་རྒྱ་མཚོའི་ཟེགས་མ།།

ཆར་འབྲུ་ཟིལ་བ་ཆགས་པའི་རྩྭི་ཤིང་སྣ་ཚོགས།།

གཅོང་སྐད་སྣ་མང་འབྱིན་པའི་ནགས་ཀྱི་བྱ་ཚོགས།།

གཙང་བོའི་འགྲམ་ནས་ཟོལ་བའི་གྲིབ་མ་རབ་རིབ།།

འཁྱགས་པའི་མིག་ལ་མགུ་བའི་འཇའ་ཚོན་རི་མོ།།

སྲང་ལམ་རྡོག་ཁྲེས་རྒྱག་པའི་དུས་ཀྱི་མི་ཚོགས།།

འཇིག་རྟེན་ཁྲིགས་སེ་སྐྱོམ་པའི་དུས་ཚོད་ནག་པོ།།

འཁོར་བའི་སྣང་བརྙན་འཆར་བའི་སྡིག་པའི་མེ་ལོང་།།

ཡུལ་ཤུལ།   རོལ་དཀྲོལ་བས་བརྩམས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*