ཡུན་རིང་གི་ཨུ་དུམ་ཝ་ར།

                                སྦྲང་བུ། དཀར་མཛེས།      

སྤྲིན་དཀར་ཕུང་པོའི་དལ་གྱིས་ལྡིང་།།

འཕྲུལ་བའི་ངག་ཅིག་ང་ལ་བསྐུར།།

མཚན་ནམ་རིང་མོའི་སྐད་ཆ་འགའ།།

བདག་ལ་གནང་བའི་ནང་རྟེན་འདྲ།།

ཡང་ན།

ལས་འཕྲོ་འོད་ཀྱི་བྱེད་པ་པོས།།

རྣམ་རྟོག་དྲི་མའི་ཆུ་བོའི་འདབས།།

རླུང་བུ་སྐོར་ཅིག་རྒྱབ་ཏུ་ཡལ།།

བརྩེ་བའི་ངག་ཕྲེང་མུ་ཏིག་ཅན།།

ལས་ཀྱི་ཕུགས་ནས་བདག་ལ་གནང་།།

ཚེ་རབས་ཀུན་གྱི་ཡིག་འབྲུ་འགའ།།

ལྗོན་པའི་ཟོམ་དུ་འབབ་པ་ན།།

བར་ཐག་ཅིག་གི་འཇའ་ཚོན་ནང་།།

རི་མོ་མཁན་ཞིག་སྤྲུལ་བ་འདུག།

ལྷ་མོ་བོས་དང་སྐུ་ངོ་ལགས།།

ངག་གི་གཙང་བོའི་འགྲམ་རྒྱུད་ན།།

ལས་ཀྱི་སྤྲིན་པ་དཀར་པོ་ཞིག།

ཟླ་བའི་གམ་དུ་འཕུར་བ་མཐོང་།།

ང་ཡིས་མཐོང་བ་རབ་རིབ་ཅན།།

ལོ་ཡིས་ཟོས་པའི་དན་རྟགས་སམ།།

ངག་གི་མཛེས་དཔལ་མ་དག་པ།།

དབྱངས་ཀྱི་ལྷས་རའི་བར་ཐག་ནས།།

གླུ་སྐད་བཏོན་པའི་གཞས་པ་ཀྱེ།།

རྒྱུད་སྐུད་རྩེ་རུ་འབབ་པས་ཆོག།

ཁྱོད་ཉིད་བོས་པའི་ལམ་ཕྲན་ནས།།

བརྩེ་བའི་མྱུ་གུ་ངས་གདབ་ཆོག།

འོད་ཀྱི་བུམ་པའི་ནང་རོལ་ན།།

བདུད་རྩི་བསིལ་མའི་ཆབ་ཕབས་ཆོག།

མ་སྐྱེས་ཨ་མའི་ཇ་ཁང་ནས།།

འཕྱོངས་རྒྱས་བུ་མོའི་མཛེས་པའི་ངག།

དབྱངས་ལ་བརྒྱུས་པའི་ཚིག་གི་ཕྲེང་།།

ཟླ་ཞག་བཞིན་དུ་བསླབ་པ་ན།།

ཁྱོད་ལ་མགུར་བའི་ཚན་པ་གཅིག།

ག་ལེར་ཞིག་ནས་བཏོན་ཆོག་ལགས།།

འདི་ནས་འཕྲོས་པའི་སྐད་ཆ་འགའ།།

ཟླ་བའི་ལག་ཏུ་ཐོན་པ་ན།།

རི་བོང་འཛིན་པའི་དྲན་གདུང་ལ།།

བརྩེ་བའི་ལོ་མ་འབབ་ཏུ་བཅུག།

ཀྱེ་མ་ཤོད་དང་གཡུ་ཕྲེང་མ།།

བར་སྐོར་གླིང་གི་སྨོན་ལམ་ཚིག།

གསང་བའི་མེ་ཏོག་ཞིག་ཏུ་སྤྲུལ།།

ང་ལ་ཏོག་ཙམ་ཤོད་དང་ནི།།

ཞེ་དྲག་རྣ་བའི་དཀྱིལ་ལ་མཁོ།།

གཡུ་ཕྲེང་མེ་ཏོག་ང་ལ་གནང་།།

སྒྱུ་འཕྲུལ་ལྷ་མོའི་ངང་སྒུག་མཐར།།

གསེར་གྱི་བུམ་པའི་ནང་རོལ་ན།།

རྟེན་འབྲེལ་སྐྱེ་བའི་དྲན་པ་འགའ།།

ཁྱོད་ལ་སྟེར་ཆོག་གཡུ་མིང་ཅན།།

                2021 2 3 ཤར་མར་བྲིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*