ས་པཎ་མཆོག་གི་རྣམ་ཐར་ཚིགས་བཅད་པ་ཉེར་ལྔ་པ།

༄༅། ། གངས་ཅན་མཁས་པའི་གཙུག་རྒྱན་ཆོས་རྗེ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ཚིགས་སུ་བཅད་པ་ཉེར་ལྔ་པ་བཞུགས་སོ། །

འཇམ་དཔལ་དབྱངས་དངོས་རྗེ་བཙུན་ས་སྐྱ་པའི། །
འགྲན་བྲལ་ལུང་རིགས་ཉི་མ་བྱེ་བའི་མདངས། །
སྟོང་གསུམ་མུན་པའི་གཤེད་དུ་ཤར་བའི་གཏམ། །
འཛམ་གླིང་གཟུར་གནས་སྐྱེ་བོའི་ངག་ན་མཛེས། །

རབ་བྱུང་གསུམ་པའི་ཆུ་ཕོ་སྟག་གི་ལོར། །
མདོ་རྒྱུད་མང་པོའི་ལུང་གིས་ཟིན་པ་བཞིན། །
དཔལ་ཆེན་འོད་པོའི་སྲས་ཀྱི་ཚུལ་བཟུང་བ། །
ས་སྐྱའི་གདན་སར་བལྟམས་པའི་རྣམ་ཐར་ཡིན། །

ལྟེ་ཁྲག་དམར་པོ་ས་ལ་འཐོར་བ་ན། །
འཇིག་རྟེན་ཧྲིལ་པོ་འོད་ཀྱིས་མཛེས་པ་དང་། །
དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །
བོད་མི་གཞན་ལ་མེད་པའི་རྣམ་ཐར་ཡིན། །

ལེགས་སྦྱར་ཡི་གེ་མ་བསླབ་མཁྱེན་པ་སོགས། །
ཡོན་ཏན་ཕལ་ཆེེར་གཞོན་ནུའི་དུས་ནས་རྫོགས། །
རྣམ་དཔྱོད་བློ་གྲོས་མཚུངས་པ་མེད་པ་ནི། །
བྱིས་པའི་སྤྱོད་ལས་འདས་པའི་རྣམ་ཐར་ཡིན། །

རྗེ་བཙུན་གྲགས་པ་ཁ་ཆེའི་བསོད་སྙོམས་པ། །
རྨ་བྱ་བརྩོན་འགྲུས་མཚུར་སྟོན་རྩེགས་སྟོན་སོགས། །
སངས་རྒྱས་དངོས་སུ་བྱོན་འདྲའི་བླ་མ་མཇལ། །
བཤེས་གཉེན་མཁས་པ་བསྟེན་པའི་རྣམ་ཐར་ཡིན། །

དགུང་ན་དམའ་ཡང་བློ་གྲོས་ཀུན་ལས་མཐོ། །
ཞི་བར་སྤྱོད་ཀྱང་མཐུ་སྟོབས་གཞན་ལས་ལྷག །
ཐུགས་སྤོབས་ཆེ་ཡང་སྙིང་རྗེའི་བརླན་དང་འགྲོག །
ལྟ་སྤྱོད་དབུ་མར་གནས་པའི་རྣམ་ཐར་ཡིན། །

མཁས་ཆེན་ཉི་མ་འདྲ་བ་གཤེགས་ཤུལ་དུ། །
ལོག་རྟོག་མུན་པའི་དཔུང་ཚོགས་གཏིབ་པ་ན། །
སྡོམ་རིགས་ཉི་ཟླ་རྣམ་གཉིས་གདན་དྲངས་པ། །
ཐུབ་བསྟན་ཕྱི་དོར་མཛད་པའི་རྣམ་ཐར་ཡིན། །

མཁས་པའི་གཙུག་རྒྱན་ཁ་ཆེ་པཎ་ཆེན་ལས། །
རྒྱ་གར་མཁས་པའི་ཚད་གཞུང་མ་ལུས་གསན། །
དེ་ཡི་འབྲས་བུར་སྡེ་བདུན་སྙིང་པོ་མཛད། །
ཆོས་གྲགས་གཉིས་པར་གྱུར་པའི་རྣམ་ཐར་ཡིན། །

སཾ་ག་ཤྲཱི་ད་ན་ཤཱི་ལ་སོགས། །
པཎ་ཆུང་མང་པོའི་ཞབས་པད་གུས་མཆོད་དེ། །
རིག་གནས་ཆེ་ཆུང་ཀུན་ལ་འགྲན་ཟླ་བྲལ། །
གནས་བཅུའི་ཤིང་རྟ་མཛད་པའི་རྣམ་ཐར་ཡིན། །

སྒྲ་ཚད་ལ་མཁས་ང་རྒྱལ་གྱིས་བཟི་བའི། །
འཕྲོག་བྱེད་འཁོར་བཅས་མང་ཡུལ་སྐྱིད་གྲོང་དུ། །
རིགས་པས་ཚར་བཅད་སངས་རྒྱས་བསྟན་ལ་བཙུད། །
ཐུབ་བསྟན་རྒྱལ་མཚན་བསྒྲེངས་པའི་རྣམ་ཐར་ཡིན། །

སྡོམ་གསུམ་བརྩམས་ཏེ་ཆོས་ལོག་མཐའ་དག་བཀག །
མཁས་འཇུག་མཛད་དེ་མཁས་ཚུལ་ངོ་སྤྲོད་གནང་། །
ལེགས་བཤད་བྲིས་ཏེ་ལུགས་གཉིས་འགལ་མེད་བསྟན། །
རྩོམ་པ་འགྲན་ཟླ་མེད་པའི་རྣམ་ཐར་ཡིན། །

འཇིགས་རུང་ཧོར་གྱི་དམག་གི་རུ་མཚོན་ལས། །
གནམ་འོག་ཆོས་ལ་འགོད་པའི་གཡར་དམ་གྱིས། །
དྲུག་ཅུའི་ལོ་ལ་ལིང་ཆུ་རྩེ་རུ་བྱོན། །
ཐུགས་བསྐྱེད་འགྲན་ཟླ་བྲལ་བའི་རྣམ་ཐར་ཡིན། །

དྲེགས་པས་སྨྱོས་པའི་རྒྱལ་པོ་བྲན་དུ་བཀོལ། །
སྟོབས་ལྡན་རྒོལ་བ་མ་ལུས་ཟིལ་གྱིས་མནན། །
ལོག་པའི་ཀུན་རྫོབ་ཡང་དག་དངོས་ལ་བསྒྱུར། །
སྣང་སྲིད་དབང་དུ་བསྡུས་པའི་རྣམ་ཐར་ཡིན། །

མཁས་པའི་སྙན་པས་ས་གཞི་ཡོམ་ཡོམ་སྒུལ། །
བཙུན་པའི་དཔལ་གྱིས་སྡེ་བཞིའི་གདན་ས་བསྐྱངས། །
ང་བརྒྱད་ང་རོ་སྲིད་ཞིའི་མཐའ་ལ་བསྒྲགས། །
སེངྒེ་མཐུར་མེད་བྱས་པའི་རྣམ་ཐར་ཡིན། །

བོད་འབངས་མཐའ་དག་ཧོར་གྱི་དམག་ལས་བསྐྱབས། །
གོ་དན་རྒྱལ་པོ་འཇིགས་པའི་ནད་ལས་བསྒྲལ། །
ཧོར་གྱི་བློན་འབངས་བློ་ཁ་ཆོས་ལ་དྲངས། །
འབྲེལ་ཚད་དོན་དང་ལྡན་པའི་རྣམ་ཐར་ཡིན། །

འཕགས་ཡུལ་གྲུབ་བརྒྱའི་སྤྱི་མེས་བིར་ཝ་པས། །
མུ་མུ་ནི་ཞེས་བྱ་བའི་ཞིང་ཁམས་སུ། །
སངས་རྒྱས་དྲི་མ་མེད་པར་འགྱུར་རོ་ཞེས། །
ལུང་བསྟན་མཚུངས་པ་མེད་པའི་རྣམ་ཐར་ཡིན། །

རྒྱ་གར་མཁས་པས་ཁྱེད་རང་མཁས་སོ་ཞེས། །
བོད་ཀྱི་པཎ་ཆེན་ཐོག་མའི་ཆོ་ལོ་ཕུལ། །
རིགས་གཏེར་རྒྱ་འགྱུར་མཛད་དེ་སྐྱེས་སུ་ཁྱེར། །
མཁས་པའི་མཁས་པར་གྱུར་པའི་རྣམ་ཐར་ཡིན། །

བོད་འབངས་དོན་དུ་རྣམ་འགྲེལ་རང་འགྱུར་མཛད། །
ལེགས་བཤད་སྐྱེས་ཀྱིས་འཕགས་ཡུལ་མཁས་རྣམས་ཚིམས། །
ཧོར་ལ་དགོངས་ཏེ་ཡི་གེ་གསར་དུ་བརྩམས། །
མཛད་པ་ཕྱོགས་མེད་བྱས་པའི་རྣམ་ཐར་ཡིན། །

བསྟན་ལ་སྨན་ན་གཅེས་པའི་སྲོག་ཀྱང་གཏོང་། །
འགྲོ་ལ་ཕན་ན་རང་གི་ལུས་ཀྱང་སྦྱིན། །
སྦྱིན་པ་རྣམ་བཞིའི་ཆར་རྒྱུན་རྟག་འབེབས་པ། །
བདག་འཛིན་འགོངས་པོ་ཐུལ་བའི་རྣམ་ཐར་ཡིན། །

ཕྲག་དོག་ཅན་གྱི་རྒོལ་བ་འབུམ་ཕྲག་བཅོམ། །
ཞེ་སྡང་ཅན་གྱི་རྒྱལ་བློན་ཆོས་ལ་བཀོད། །
གཏི་མུག་ཅན་གྱི་སློབ་ཚོགས་ཐར་པར་དྲངས། །
སྟོན་པ་བླ་ན་མེད་པའི་རྣམ་ཐར་ཡིན། །

མཐུ་སྟོབས་ནག་པོས་ལྗགས་ལ་བདུད་རྩི་བྲན། །
སྤྱན་རས་གཟིགས་ཀྱིས་བུ་བཞིན་བརྩེ་བས་བསྐྱངས། །
རྒྱལ་ཡུམ་སྒྲོན་མས་ཡང་ཡང་ཞལ་གཟིགས་མཛད། །
ཁྱུ་མཆོག་མཚུངས་པ་མེད་པའི་རྣམ་ཐར་ཡིན། །

ལ་ལ་གྲུབ་ཅིང་མཁས་པའི་བྱ་བས་སྟོང་། །
འགའ་ཞིག་མཁས་ཀྱང་གྲུབ་པའི་རྗེས་མ་ཟིན། །
མང་དུ་ཐོས་ཤིང་སྒྲུབ་པ་ལྷུར་ལེན་པ། །
མཁས་གྲུབ་ཡ་མ་བྲལ་བའི་རྣམ་ཐར་ཡིན། །

འཕགས་ཡུལ་དུ་ཡང་འཇམ་དཔལ་དབྱངས་སུ་གྲགས། །
ཞལ་སློབ་མང་པོས་འཇམ་དབྱངས་དངོས་སུ་མཇལ། །
ཉིད་ཀྱིས་འཇམ་དབྱངས་ཡིན་པ་ཞལ་བཞེས་མཛད། །
འཇམ་དབྱངས་གུད་ན་མེད་པའི་རྣམ་ཐར་ཡིན། །

གངས་རིའི་ཁྲོད་འདིར་རྒྱལ་རྔ་མང་བརྡུངས་པའི། །
དྲེགས་ལྡན་མཁས་པའི་ཚོགས་ཀྱི་དཀྱིལ་འཁོར་དུ། །
ཁྱེད་ཀྱི་སྙན་པའི་མེ་ཏོག་རེ་རེ་ཡང་། །
གུས་པས་སྤྱི་བོར་མཆོད་ལ་འཚངས་ཀ་བྱེད། །

དེ་ལྟར་འཇམ་དབྱངས་སྨྲ་བའི་ཟླ་བ་ནི། །
བདག་བློ་དང་བའི་དབྱིངས་སུ་འཛུམ་པ་ན། །
མཚན་མཆོག་རི་དྭགས་གཟུགས་ལ་མངོན་ཆགས་པའི། །
དད་གསུམ་སོར་མོའི་འདུ་བྱེད་འཇོག་པར་དཀའ། །

འདི་ལས་བྱུང་བའི་ཚོགས་གཉིས་འོ་མའི་མཚོ། །
ཟླ་བ་འབུམ་གྱི་མདངས་ལ་ཅོ་འདྲི་བས། །
གསེར་ལྡན་ཁྱོན་ཀུན་ནད་ཀྱི་བསྐལ་བ་ལས། །
གྲོལ་ཏེ་འཇམ་དབྱངས་ཞལ་བཟང་མྱུར་མཇལ་ཤོག །

ཅེས་པའང་འཇམ་མགོན་བླ་མ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་གསུང་རབ་དྲི་མ་མེད་པ་ཁག་ལ་ཅུང་ཟད་མཇལ་མྱོང་བའི་སྐལ་བ་ཅན་ཨ་འདུས་སྐལ་བཟང་རྒྱ་མཚོས་རང་བློ་གང་གི་ངོ་མཚར་བའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལ་གོམས་པ་ལྷུར་ལེན་པ་དང་སྙན་ངག་ལ་དགའ་བའི་རང་རིགས་གཞོན་ནུ་འགར་ཡང་ཅུང་རེ་ཕན་སྲིད་སྙམ་པའི་བློས་ར་ཛ་པུར་གྱི་རང་གནས་སུ་ཆོས་རྗེ་ཉིད་ཀྱི་བོད་གངས་ཅན་པར་བཞག་པའི་གཙུག་ལག་གཉིས་ཀྱི་བཀའ་དྲིན་གཞལ་ཐབས་མེད་པའི་ཚུལ་ཡིད་ལ་དྲན་བཞིན་དུ་སུག་བྲིས་སུ་བགྱིས་པ་དགེའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*