༧ སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་བཀའ་སློབ།

༸ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་བཀའ་སློབ་གསར་པ།

དེང་སང་དཀར་ལྟོ་མང་པོ་གསུང་གི་འདུག
དེ་ཡག་པོ་འདུག །ང་རང་ཡང་དགའ་བོ་ཡོད།
ཡིན་ན་ཡང་དཀར་ལྟོ་ཚོགས་པའི་ནང་དུ་ངོར་ཆེན་གྱི་ལུང་དེ་བཞག་གནང་གི་འདུག
“ཀ་ཡེ་ཁོ་བོ་རྗེས་སུ་འབྲང་བ་ན།
ཤ་ཆང་ལ་སོགས་མ་དག་འཚོ་བ་སྤངས།།”
ཞེས་པ་དེ་བཞག་གནང་གི་འདུག
དཀར་གཏོར་དེ་གཙོ་བོ་བྱས་ནས་དེ་ལ་ཤ་སོགས་ཟས་ན་ཉེས་པ་ཆེ་ཚུལ་བགྲང་ནས།
ཆང་དང་མ་དག་པའི་འཚོ་བ་སོགས།
ག་སང་འདི་སང་མེད་པ་བགད་བྲོ་བོ་ཞིག་ཡོང་གི་འདུག།
མ་དག་པའི་འཚོ་བ་ཞེས་པ་དེ་ངོར་ཆེན་གྱིས་དམིགས་བསལ་ཤུགས་ཆེན་པོ་གསུང་འདུག།
“དཀོན་མཆོག་རྫས་དང་གཞན་ལས་འཕྲོག་པ་སོགས།།
མ་དག་ལོག་པའི་འཚོ་བ་ཀུན་སྤངས་ནས།།”
ཞེས་གསུངས་འདུག།
བླ་མ་དང་དཀོན་མཆོག་ལ་མཆོད་པར་ཕུལ་བའི་དངོས་པོ་དེ་ལོངས་སྤྱོད་པ་དང་།
དེ་རང་གི་ལོག་པའི་འཚོ་བ་ལ་སྦྱར་བཞག་པ་དང་།
དེ་བཞིན་དུ་དགེ་འདུན་གྱི་སྤྱི་རྫས་དགེ་འདུན་ལ་མཆོད་པ་ཕུལ་བ་དེ་བག་མེད་དུ་ལོངས་སྤྱོད་པ་སོགས
དེ་ཤིན་ཏུ་སྡིག་པ་ཆེན་པོ་ཡིན་པར་དཔེར་དང་བཅས་པ་མང་པོ་གསུངས་འདུག།
དེ་ནས་གཞན་ལས་འཕྲོག་པ་ཞེས་པ་དེ་རང་གིས་དབང་ཡོད་ཀྱི་སྒོ་ནས་དང་།
ཤུགས་ཆེ་ཆུང་གི་སྒོ་ནས་ཉམ་ཆུང་ལས་འཕྲོག་པར་བྱེད་པ་དང་།
ཡང་རྒྱལ་པོས་འཕྲོག་པ་ཞེས་པ་དེ་གཙོ་ཆེ་བ་རྐུན་མ་རྐུ་བ་ལྟ་བུ་ལ་ཟེར་གྱི་རེད།
དཔེར་ན་དེང་སང་བླ་མ་དང་གྲྭ་བ་ཞིག་ཡིན་ན་འདྲ།
མི་སྐྱ་ཕོ་མོ་ཡིན་ན་འདྲ།ཆོས་དེ་ལ་བརྟེན་ནས་དངུལ་ཐོབ་ཐབས་དང་།མི་ལ་མགོ་སྐོར་གཏོང་བ་སོགས་ཆོས་དེ་ལ་བརྟེན་ནས་མང་པོས་དེ་ལྟར་བྱེད་ཀྱི་འདུག
དེ་ཐབས་སྐྱོ་བོ་དཔེ་རེད་འདུག།
དེ་སྡིག་པ་ཆེན་པོ་ཡིན་ས་རེད།
ཆོས་ཞེས་པ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པའི་ལམ་ཡང་དག་པ་འཁྲུལ་བ་མེད་པ་ཕུན་སུམ་ཚོགས་པ་ཞིག་རེད།
དེ་ཐ་མལ་པའི་རང་གི་ལས་ཀ་སྐྱོ་བ་དེ་ལྟར་ལ་བེད་སྤྱོད་བྱས་ན།
དཔེ་སྐྱོ་བོ་ཞིག་འདུག།
ཆོས་ཞེས་པ་དེ་སྤྱིར་བཏང་ཉོན་མོངས་པའི་གཉེན་པོ།
འཇིག་རྟེན་ཆོས་བརྒྱད་མགོ་གནོན་པར་བྱེད་པའི་ཐབས་ཡིན་པས།
ད་དེང་སང་ཆོས་དེ་འཇིག་རྟེན་ཆོས་བརྒྱད་ཀྱི་གཡོག་ལ་བསྐོལ་ནས།
དེ་ནས་མི་ལ་སྐད་ཆ་འདྲ་མིན་བཤད་པ་ལ་སོགས་པ་དང་།
དེ་ནས་ཆོས་འཁོར་སྐོར་ནས་མི་ལ་མགོ་བསྐོར་བཏང་བ་ལ་སོགས་པ་དང་།
དེ་ནས་བྱམས་པ་དང་སྙིང་རྗེ་ཡོད་མདོག་བསྟན་ནས་འདྲ་མིན་མང་པོ་ལས་པ་དེ་དཔེ་ཐབས་སྐྱོ་བོ་རེད་འདུག།
སྤྱིར་བཏང་ང་ཚོས་སངས་རྒྱས་ལ་ཡིད་ཆེས་མེད་པ་དང་།ཆོས་ལ་དད་པ་མེད་པ་ལ་སོགས་པ་དེ་ལ་ལོག་པ་ལྟ་བ་ཟེར་རེད།ལོག་པར་ལྟ་བའི་ལྟ་བ་ངན་པ་དེ་ཡོད་ན་ཆོས་བསྒྲུབ་པའི་ཡུལ་རྩ་ནས་མེད་སོང་རེད།
དེ་ཧ་ལམ་ཉེ་ལ་ཁད་ཅིག།ངས་དེ་ལྟར་མཐོང་གི་འདུག
དེ་ང་རྣམ་རྟོག་ཤུགས་ཆེ་བའི་སྐྱོན་ཡིན་ན་མི་ཤེས།
དེང་སང་ཆོས་དེའི་ཐོག་ནས་ལས་ཀ་མང་པོ་བྱེད་ཀྱི་འདུག
ཆོས་དེ་ཡང་དག་པ་མ་བྱས་པ་མགོ་སྐོར་གཏང་ནས་དེའི་ཐོག་ནས་དངུལ་བསྒྲུབ་པ་དང་།
མི་ལ་མགོ་སྐོར་བཏང་བ་སོགས་འདྲ་མིན་མང་པོ་ཞིག་ཆོས་ཀྱི་ཐོག་ནས་བྱེད་ཀྱི་འདུག།
དེ་དཔེ་ཐབས་སྐྱོ་བོ་རེད་འདུག།
དེ་ནས་རབ་ཏུ་བྱུང་བ་རྣམས་ཀྱིས་རབ་ཏུ་བྱུང་བའི་གཟུགས་དེ་བྱེད།
དེ་ནས་ཁྱིམ་པ་ཕོ་མོའི་ལས་ཚོང་བརྒྱབ་པ་སོགས་ལས་ཀ་འདྲ་མི་འདྲ་མང་པོ་ཞིག་བྱེད་ཀྱི་འདུག།
རབ་ཏུ་བྱུང་བ་ཞེས་པ་དེ་བྱ་བ་ཉུང་བ་དང་སྤྱོད་པ་ཉུང་བ་གསུངས་པ་རེད།
ཆོས་ཀྱི་བྱ་བ་མ་གཏོགས་མེད་པ་དེ་ལྟར་ཞིག་རེད།
དེ་ནས་ཆོས་ཀྱི་ཕྱོགས་ནས་ཡང་དག་པར་མཛད།དེ་ནས་རང་གིས་གང་ཐུབ་ཐུབ་སྡོམ་པ་དེ་ཡང་དག་པར་ཞིག་སྲུང།
དེའི་ཐོག་ལ་ཁ་བཏོན་དགེ་སྦྱོར་སོགས་གང་ཐུབ་ཐུབ་བྱས་ན་ཡག་པོ་འདུག།
དེ་མ་ཐུབ་ན་ཡང་རང་གི་སྡོམ་པ་དེ་ཡང་དག་པ་ཞིག་སྲུང།དེ་ནས་སྦྱིན་བདག་དད་པ་ལོག་པའི་རྒྱུར་མི་འགྲོ་བ་ཆོས་དང་མཐུན་པ་གང་འགྲུབ་འགྲུབ་བྱ་རྒྱུ་དེ་ལམ་གྱི་གཙོ་བོ་རེད་འདུག།
སྤྱིར་བཏང་ཐམས་ཅད་ཀྱིས་བསམ་པ་ལ་ཆོས་བྱེད་ཅེས་པ་དེ་ཙོག་ཙོག་བྱས་ནས་བསྡད་དགོས་པ་ཞིག་དེ་མ་གཏོགས་ཆོས་མིན་པ་ལྟ་བུ་ཞིག་ལ་བསམ་བློ་གཏོང་གི་འདུག།
དེ་མ་རེད་ཆོས་ཞེས་པ་དེ་བསམ་པ་ལ་རག་ལས་པ་རེད།
བསམ་པ་བཟང་ངན་གྱི་སྒོ་ནས་ཆོས་བཟང་ངན་རེད་ཀྱི་རེད་མ་གཏོགས།
ཕྱིའི་རྣམ་འགྱུར་ལ་བརྟེན་ནས་ཆོས་ཞེས་པ་ཞིག་ཡོད་མ་རེད།
དཔེར་ན་འཇིག་རྟེན་པ་ཡིན་ན།
འཇིག་རྟེན་གྱི་བྱ་བ་མ་བྱས་ན།སངས་རྒྱས་པ་ལྟ་བུ་ཙོག་ཙོག་སྡོད་ས་ཞིག་ཡོད་མ་རེད།
འཇིག་རྟེན་གྱི་བྱ་བ་བྱས་ནས་བསམ་པ་དེ་ཡག་པོ་བྱ་དགོས་པ་དེ་གལ་ཆེན་པོ་རེད་འདུག།
དཔེར་ན་ཚོང་པ་ཞིག་ཡིན་ན་ཡང་།ཚོང་ཞིག་བརྒྱབ་ནས་མ་གནས་ལ་སྒོར་མོ་བརྒྱ་ཡོད་ན།
དེ་ལས་ཉི་ཤུ་དང་སུམ་ཅུ་དང་བཞི་བཅུ་ཙམ་ཁེ་སང་ཟས་ན་ཡང་འགྲིག་གི་རེད།
རང་ཉིད་ཀྱིས་དཀའ་ལས་བརྒྱབ་པ་ལ་བརྟེན་ནས།
དེ་མ་ཡིན་པ་ལྡབ་ལོག་དང་གསུམ་ལོག་སྟེ་མགོ་སྐོར་བཏང་ནས་མགོ་སྐོར་གཏང་ཐུབ་ན།
སྒོར་མོ་འབུམ་གཅིག་ཡིན་ན་ཡང་།
ཟ་བསམ་པ་མ་གཏོགས་ཤིག་མེད་པ་དེ་ཐབས་སྐྱོ་བོ་རེད་འདུག་ལ་སྡིག་པ་ཡང་ཆེན་པོ་རེད།
མ་གནས་ལ་དཔག་པའི་ཁེ་སང་ཅུང་ཟད་ཟ།
དེ་ཡང་ཡུལ་གྱི་ལུས་སྲོལ་ལ་ཡུལ་རེ་ལ་ཁྲིམས་རེ་ཡོད་རེད།
དེ་དང་མཐུན་པ་ཞིག་ཡང་དག་པ་ཞིག་མཛད་པ་ཡིན་ན།
སྐྱོན་ཡོད་རྒྱུ་མ་རེད་བསམ་གྱི་འདུག།
དེ་བཞིན་དུ་ལས་ཀ་བྱེད་མཁན་ཞིག་ཡིན་ན་ཡང།
དཔེར་ན།
ཁང་པ་མགོ་ནས་ལྟ་མཁན་ཞིག་ཡིན་ན།ཁང་པ་མ་གནས་གང་གནས་པ་དེའི་དངུལ་ཞིག་ལེན།
དེ་བླངས་རྗེས་ཁང་པ་དེ་མཁྲེགས་པོ་དང་ཡག་པོ།བློ་ཁེལ་བ་དང་ཡིད་ཆེས་ཐུབ་པ་ཞིག་བྱུང་ན་དེ་སྐྱོན་ཡོད་རྒྱུ་མ་རེད།
དེས་ཕར་ཕྱོགས་ལ་ཕན་ཐོགས་འགྲོ་རེད།
རང་ཉིད་ལ་དངུལ་ཞིག་ཡོང་གི་རེད།
དེ་མ་ཡིན་པར་དངུལ་གང་ཐུབ་ཐུབ་ལེན།ཁང་པ་དེ་ཡང་རྩི་སྤྲོད་ཐུབ་ཙམ་ཞིག་བྱུང་ན།
དེ་ནས་ལུག་ན་ཡང་ལུག།
ཞིག་ན་ཡང་ཞིག་གང་ཡང་ཁྱད་པར་མེད་པ་ཐབས་ཆག་ཅིག་མགོ་སྐོར་གཏང་ཐུབ་ཙམ།
ཧ་ལམ་ཁང་པ་ཞིག་འདུག་ཟེར་ཙམ་རེད་ན།
དེ་སྡིག་པ་དཔེ་ཆེན་པོ་རེད།
དངུལ་ལ་དཔག་པའི་ཁང་པ་ཞིག་བཟོ་ཐུབ་ན།
དེ་ཕར་ཕྱོགས་ལ་ཡང་ཕན་ཐོགས་འགྲོ་རེད།
དེ་ལ་སྡིག་པ་ཡང་ཡོད་མ་རེད།
འཇིག་རྟེན་གྱི་བྱ་བ་བྱས་ནས་དེ་ལ་སེམས་པ་བཟང་ངན་དེ་ཁྱད་པར་རེད་འགྲོ་རེད།
དེས་ན་ཆོས་བྱས་ན་ཡང་བསམ་པ་བཟང་ངན་ཞིག་རེད་མ་གཏོགས།
དེ་ག་ཙམ་ཙོག་ཙོག་ཅིག་བསྡད་ན་ཆོས་ཡང་དག་པར་ཡོང་གི་མ་རེད།
དེས་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས།
བསམ་པ་བཟང་ན་ས་དང་ལམ་ཡང་བཟང།།
བསམ་པ་ངན་ན་ས་དང་ལམ་ཡང་ངན།།
ཐམས་ཅད་བསམ་པ་དག་ལ་རག་ལས་པས།།
རྟག་པར་བསམ་པ་བཟང་ལ་འབད་པར་བྱ།།
ཞེས་གསུངས་པ་ལྟ་བུ།
དེ་ལྟ་བུའི་སྒོ་ནས་ལས་ཀ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད།
2021-07-27 ཉིན།
འདན་མའི་ལྷ་མདའ་ཡིས་ཡིག་འགོད་བྱས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*