འཇའ་ལུས་པ་ཞིག་དྲན་པ།

སྤྱན་རས་གཟིགས་དབང་ཀུན་དགའ་སྙིང་པོ་ཞེས། །

མཚན་གྱི་གཡུ་འབྲུག་ལྡིར་བའི་དམ་པ་དེའི། །

ཆོས་དང་རིགས་ཀྱི་སྲས་སུ་གྱུར་པ་ཡི། །

བསོད་ནམས་རྩེ་མོའི་ཞབས་ལ་ཕྱག་འཚལ་ལོ། །

བྱིས་པའི་དུས་ནས་ཤེས་བྱའི་དོན་ཀུན་མཁྱེན། །

ཟབ་མོའི་ལམ་རྣམས་ཟག་མེད་ཐུགས་སུ་ཆུད། །

མཁའ་འགྲོ་བྱེ་བའི་ཚོགས་ཀྱི་བསུ་མ་བཅས། །

མཁའ་སྤྱོད་ཞིང་དུ་གཤེགས་པའི་ཉིན་མོ་དྲན། །

རྒྱ་གར་རྡོ་རྗེ་གདན་གྱི་སྒོ་གླེགས་སུ། །

མ་འཁྲུངས་སྔོན་ནས་མཁའ་འགྲོའི་ལུང་གིས་ཟིན། །

བལྟམས་མ་ཐག་ནས་ལེགས་སྦྱར་ཐུགས་སུ་ཆུད། །

ཐུགས་གྲོལ་ཁྱོད་ལ་སྙིང་ནས་ཕྱག་བགྱིའོ། །

བསླུ་མེད་ལུང་གིས་འཇམ་དཔལ་དབྱངས་སུ་བསྔགས། །

ཡང་དག་ཐུགས་ཀྱིས་ཚེ་རབས་མཐའ་དག་དྲན། །

མི་གཡོ་བ་དང་རྗེ་བཙུན་སྒྲོལ་མ་སོགས། །

ལྷག་ལྷ་དུ་མས་ཞལ་གཟིགས་མཛད་པ་དྲན། །

ཡབ་རྗེ་མཆོག་གི་ཐུགས་རྗེའི་ཟླ་ཟེར་གྱིས། །

ཁྱེད་ཐུགས་ཀུན་དའི་སྐྱེད་ཚལ་བསྐྱངས་པ་ན། །

བླ་མེད་ཐེག་པར་མཁས་པའི་སྙན་པ་ཡིས། །

འཕགས་ཡུལ་འཛིན་མ་སྒུལ་བའི་ཚུལ་དེ་དྲན། །

མཁས་པའི་འབྱུང་གནས་དཔལ་ལྡན་གསང་ཕུ་རུ། །

རིགས་པའི་དབང་ཕྱུག་ཆོས་ཀྱི་སེངྒེའི་དྲུང་། །

རིགས་སྨྲའི་རྗེ་བོ་འཁོན་གྱི་ཇོ་སྲས་ཞེས། །

སེང་ཆེན་མཐུར་མེད་གྱུར་བའི་ཚུལ་དེ་དྲན། །

བླ་མ་ཕལ་ཆེར་ལྷག་ལྷ་དངོས་སུ་གཟིགས། །

གདུལ་བྱའི་སྐྱེས་སུ་ཚད་ལྡན་བསྟན་བཅོས་མཛད། །

མེས་པོའི་གདན་ས་བཤད་སྒྲུབ་ཟུང་གིས་བསྐྱངས། །

དམ་པའི་ཚུལ་དགུའི་ངང་ཚུལ་ཡང་ཡང་དྲན། །

དེ་ལྟ་ནའང་སྙིགས་མའི་སྐྱེ་བོ་ལ། །

འདུ་ཤེས་མཆོག་དེ་སྐྱེ་བའི་རྟེན་འབྲེལ་སླད། །

སྐུ་ལུས་མ་སྤངས་འོད་གསལ་མཛད་པའི་ཚུལ། །

མཚན་མོའི་ཟླ་འོད་ཁྲོད་ནས་ལྷག་ཏུ་དྲན། །

ཁྱེད་ཀྱི་རྣམ་ཐར་ངོ་མཚར་རྒྱ་མཚོ་ལས། །

དད་པའི་རྟེན་དུ་ཅུང་ཟད་བླངས་པ་འདིས། །

སྐྱེ་བ་ཀུན་ཏུ་ཁྱེད་ཀྱི་ཟབ་ཆོས་དང་། །

འབྲལ་བ་མེད་པའི་གནས་སུ་སྐྱེ་བར་ཤོག །

ས་སྐྱའི་འཇའ་ལུས་པ་བསོད་ནམས་རྩེ་མོའི་འདས་མཆོད་ཉིན་གང་གི་རྣམ་ཐར་ལ་མཇལ་མྱོང་བའི་སྐལ་བ་ཅན་ཨ་འདུས་པས་གནས་མཆོག་རྡོ་རྗེ་གདན་དུ་ཤར་མར་བྲིས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*