རྡོར་གདན་དང་འབྲེལ་བའི་རྒྱུན་ཤེས།

རྡོར་གདན་དང་འབྲེལ་བའི་རྒྱུན་ཤེས་ཁག་ཅིག

རྩོམ་པ་པོ། དགེན་ཨ་འདུས་སྐལ་བཟང་རྒྱ་མཚོ།

རྡོ་རྗེ་གདན་ཞེས་བརྗོད་དུས། མི་མང་པོ་ཞིག་གི་སེམས་ནང་རང་བཞིན་གྱིས་ལྷིང་འཇགས་ཀྱི་ཚོར་བ་སྔ་ན་མེད་པ་ཞིག་སྐྱེ་ཡོང་། དེ་ནི་སངས་རྒྱས་ཀྱི་བྱིན་རླབས་རྒྱུད་ལ་ཞུག་པས་ཡིན་སྲིད། དེ་བས་ཀྱང་གནས་སྐོར་བ་མང་པོ་ཞིག་གིས་གནས་འདྲ་མིན་མཇལ་མྱོང་ནའང་། རྡོ་རྗེ་གདན་མཇལ་བ་ལྟ་བུའི་དགའ་ཚོར་ཞིག་སྐྱེ་ཁག་པོ་འདུག་ཟེར། དེའི་རྒྱུ་མཚན་ཡང་། སངས་རྒྱས་གནས་འདིར་སངས་རྒྱས་པའི་བྱིན་རླབས་ཀྱིས་ཡིན་ངེས། གང་ལྟར་ཕྱི་ནང་གི་སྐྱེས་བུ་སུ་ཞིག་ཡིན་རུང་། གནས་འདིར་འབྱོར་ཐེངས་རེ་རེ་ནི། སངས་རྒྱས་ཀྱི་མཛད་བཟང་རྗེས་དྲན་གྱི་ཉིན་མོ་རེ་རེར་གྱུར་ཡོད་ལ། གནས་འདི་ནས་རང་གིས་ནུས་ཚོད་ཀྱིས་དུག་གསུམ་གྱི་དགྲ་བོ་རེ་རེའི་ཡན་ལག་དང་ཉིང་ལག་གཅོད་ཐུབ་པ་ཡང་། མཐར་གཏུགས་ན། སངས་རྒྱས་ཐུགས་རྗེ་ཅན་གྱི་མ་འདྲིས་པའི་བྱམས་བརྩེའི་ནུས་སྟོབས་དང་། ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གཟི་དཔལ་ཉག་གཅིག་ཏུ་གོའོ། །

༡] བྱང་ཆུབ་མཆོད་རྟེན།

སྤྱིར་རྒྱ་གར་ནི་ནང་པའི་ཆོས་ཀྱི་འབྱུང་གནས་ཡིན་པས། བོད་པ་ཚོས་རྒྱ་གར་ལ་འཕགས་པའི་ཡུལ་ཞེས་ཆེ་མཐོང་བླ་མེད་བྱེད། ཡུལ་འདིའི་ནང་པའི་གནས་དག་ལ་སྤྱིའི་ཆ་ནས་རིགས་གཉིས་སུ་དབྱེ་སྲོལ་ཡོད་དེ། གཅིག་ནི་སངས་རྒྱས་སྐུ་དངོས་ཀྱི་མཛད་པ་དང་ཐད་ཀར་འབྲེལ་ཞིང་། དེའི་དཔེ་མཚོན་ནི། སྟོན་པའི་མཛད་ཆེན་བཞིའམ། མཛད་ཆེན་བརྒྱད་བསྐྱངས་གནས་དག་ཡིན། ཕྱི་མ་ནི་སངས་རྒྱས་ཀྱི་རྗེས་འཇུག་གྲུབ་རྒྱ་གར་ཆེན་བརྒྱད་ཅུ་དང་། ཎཱལེནྡྲའི་པཎ་གྲུབ་བཅུ་བདུན་སོགས་གྲགས་ཆེ་བའི་བསྟན་འཛིན་རྣམས་ཀྱིས་མཛད་པ་དང་འབྲེལ་བ་ཁག་ཡིན།

ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལྟར་ན་བྱང་ཆུབ་མཆོད་རྟེན་འདི་ནི་བདག་ཅག་གི་སྟོན་པ་སྐུ་དངོས་སུ་མཇལ་མྱོང་བ་བྲམ་ཟེ་མོ་ཛ་ས་བྱ་བའི་བུ་ཐ་ཆུང་གིས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཅུ་ཕྲག་བདུན་ལྷག་གི་ཚེ་བཞེངས་པར་བཤད་ཅིང་། དེ་ལ་རྒྱ་གར་བ་དག་གིས་མ་ཧཱ་བྷོ་དྷི་སྟེ། བོད་སྐད་དུ་བྱང་ཆུབ་ཆེན་པོ་ཞེས་འབོད། དེང་རབས་ཞིག་འཇུག་པ་དག་གིས་མཆོད་རྟེན་རྙིང་པའི་ས་འོག་ནས་ཐོན་པའི་གནའ་རྫས་ཁག་ལ་བརྟག་དཔྱད་བྱས་པ་ལྟར་ན། ཆོས་རྒྱལ་མྱ་ངན་མེད་དང་། ཀ་ནི་ཤི་ཀ་སོགས་ནང་པའི་ཆོས་རྒྱལ་གཉིས་ཀྱིས་ཞིག་གསོ་རིམ་པར་བྱས་པ་ར་སྤྲོད་ཐུབ་ཡོད། དུས་རབས་བཅུ་གསུམ་པ་ནས་རྒྱ་གར་ནང་བསྟན་པར་ཉམ་ཆག་ཆེན་པོ་བྱུང་བ་ནས། ཕྱི་ལོ་ ༡༨༦༥ བར་ནང་པའི་གནས་ཕལ་མོ་ཆེ་བདག་མེད་ལྟ་བུར་གྱུར། རྒྱ་གར་དབྱིན་ཇིས་དབང་བསྒྱུར་སྐབས་གནའ་ཤུལ་སྔོགས་འདོན་པ་ Alexander Cunningham ནེན་ཀམ་གྱིས་རྡོ་རྗེ་གདན་དང་། ས་ར་ཎ་ཐི། སན་ཅི་སོགས་ནང་པའི་གནས་ཤུལ་ཁག་ལ་ཞིབ་འཇུག་གིས་ཞིག་གསོ་བྱས་པར་སྣང་། ཕྱི་ལོ་ ༡༩༥༥ ལོར་སངས་རྒྱས་མྱ་ངན་འདས་ནས་ལོ་ ༢༥༠༠ འཁོར་བའི་མཛད་སྒོ་དང་སྟབས་བསྟུན་རྒྱ་གར་གཞུང་གིས་བསྐྱར་དུ་ཉམས་གསོ་ཤུགས་ཆེར་བྱས། བོད་པ་ཚོས་རྡོ་རྗེ་གདན་ཞེས་འབོད་ནི། ལེགས་སྦྱར་ནང་བཛྲ་ཨ་སང་ཟེར་བ་དེ་རང་ཡིན་ཞིང་། དེ་ལྟར་འབོད་དོན་ཡང་རྒྱལ་བུ་དོན་གྲུབ་ཀྱིས་སྲོད་ལ་བདུད་བཏུལ་ཞིང་། ཐོ་རངས་ས་བཅུའི་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་གནས་འདིར་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་བསྟན་པས་ཡིན་ནོ། །


༢] ཞོགས་པའི་མཆོད་མཇལ།

གལ་སྲིད་ཁྱེད་ཉིད་རྡོ་རྗེ་གདན་དུ་ཆེས་ཐོག་མར་འབྱོར་བ་ཞིག་ཡིན་ཚེ། མཆོད་མཇལ་གྱི་དུས་ཚོད་ལེགས་ཤོས་ནི། ཞོགས་པ་ཡིན། དེར་བརྟེན་དབྱར་དགུན་གྱི་དུས་ཚོད་ནམ་ཡིན་རུང་སྔ་དྲོ་ཆུ་ཚོད་ལྔ་བར་སོང་ན། མཆོད་རྟེན་དང་ཉེ་བའི་གཡས་གཡོན་གྱི་སྲང་ལམ་ནས་ཁྱེད་ཀྱིས་གསལ་པོར་ཐོས་ཐུབ་པ་ནི། ཤིན་ཏུ་ལྷོད་ཅིང་། སྒྲ་ཟོལ་ཡངས་པའི་སྒོ་ནས་ལེགས་སྦྱར་ཐོག་གསུངས་བཞིན་པའི་སྐྱབས་འགྲོའི་ཆོས་དབྱངས་དེའམ། ཡང་ན། ངོ་གདོང་སྔོ་ཞིང་མིག་ཟུང་ལས་བཀྲག་མདང་འཚེར་བཞིན་པའི་བུ་དང་བུ་མོ་ཆུང་ཆུང་དེ་དག་གིས་ལག་ཏུ་གུར་ཀུམ་གྱི་ཚོམ་བུ་ལ་རྒྱ་སེས་ཕྲ་ཚོམ་བཀོད་པའི་མེ་ཏོག་ལྡེར་མ་རེ་བཟུང་སྟེ། མེ་ཏོག་ཉོས། མེ་ཏོག་ཉོས། དེ་རིང་གི་མེ་ཏོག་འདི་དག་གསར་རྐྱང་ཡིན་ཞེས་པའི་འབོད་སྒྲ་དི་རི་རི་སྒྲོག་བཞིན་པ་དེ་ཡིན།

༣] མེ་ཏོག་ཕུལ་བའི་ཕན་ཡོན།

གལ་སྲིད་ཁྱེད་རང་ནང་པ་ཞིག་ཡིན་ཚེ། མེ་ཏོག་ནི་སངས་རྒྱས་ལ་འབུལ་རྒྱུའི་དངོས་པོའི་མཆོད་རྫས་ཆེས་ལེགས་ཤོས་ཤིག་ཡིན་ཏེ། སངས་རྒྱས་ཀྱིས་འཕགས་པ་ལས་རྣམ་འབྱེད་ཀྱི་མདོ་ཡི་ནང་དུ་དེ་བཞིན་གཤེགས་པ་ལ་མེ་ཏོག་གི་མཆོད་པ་ཕུལ་བའི་ཕན་ཡོན་བཅུ་གསུངས་ཡོད་དེ།
དེ་དག་ནི།
༡] འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་།
༢] སྣའི་དབང་པོ་ནམ་ཡང་མི་ཉམས་པ།
༣] ལུས་ལ་དྲི་ངན་མི་འབྱུང་བ།
༤] ལུས་དྲི་ཞིམ་པོ་འབྱུང་བ།
༥] ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་སུ་འཐུལ་བ།
༦] འཁོར་འདུ་བ།
༧] ཡིད་འོང་གི་ཆོས་རྣམས་ཐོབ་པ།
༨] ལོངས་སྤྱོད་ཆེ་བ།
༩] མཐོ་རིས་སུ་སྐྱེ་བ།
༡༠] མྱུར་དུ་འཚང་རྒྱ་བ་བཅས་ཡིན་ནོ། །
དེས་ན་རྡོར་གདན་དུ་སླེབས་པའི་གོ་སྐབས་དང་བསྟུན་ནས་མ་མཐར་ཡང་སངས་རྒྱས་ཀྱི་མདུན་སར་པདྨ་དང་། གུར་ཀུམ་གྱི་ཕྲེང་བ་སོགས་མེ་ཏོག་གི་མཆོད་རྫས་སྣ་ཚོགས་པ་རང་གི་ནུས་པས་འཇོན་ཚད་རེ་མཆོད་པར་ཕུལ་ཏེ། ཐེག་ཆེན་སེམས་བསྐྱེད་དང་འབྲེལ་བའི་སྨོན་ལམ་བཟང་པོ་རེ་འདེབས་རྒྱུ་ནི། བསོད་ནམས་གསོག་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པ་དྲན་པར་གྱིས་ཤིག །

༤] ལྷུང་བཟེད་བརྗེས་པའི་ཕན་ཡོན།

ལྷུང་བཟེད་ནི། དགེ་སློང་རྣམས་ཀྱིས་འཚོ་བ་བསོད་སྙོམས་སྐབས་ཟས་བཞེས་སྣོད་ཡིན་ཞིང་། དགེ་སློང་དག་བསོད་སྙོམས་ལ་རྒྱུ་བ་ནི། གཙོ་བོ་རང་གི་ང་རྒྱལ་ཆགས་པ་དང་། སྦྱིན་བདག་གི་བསོད་ནམས་སྤེལ་སླད་ཡིན། དེ་བཞིན་དུ་སྟོན་པའི་མདུན་སར་ལྷུང་བཟེད་ཟས་ཀྱིས་བཀང་སྟེ་འབུལ་བ་ནི། རང་གི་བསོད་ནམས་འཕེལ་སླད་ཡིན་ཏེ། སྔོན་སྙན་གྲགས་ཅན་གྱི་རྒྱལ་པོ་ང་ལས་ནུ་དབུལ་པོའི་ཁྱིམ་དུ་སྐྱེས་པ་ན། སངས་རྒྱས་བསོད་སྐྱབས་ལ་དད་པ་ཆེན་པོ་སྐྱེས་ཏེ་སངས་རྒྱས་མཆོད་སླད་སྲན་མ་སྤར་མོ་གང་གནམ་ལ་གཏོར་བས། སྲན་མ་བཞི་ལྷུང་བཟེད་ཀྱི་ནང་དུ་ལྷུང་། གཉིས་ཐུགས་ཁར་ཕོག བཞི་ལྷུང་བཟེད་དུ་ལྷུང་བའི་བསོད་ནམས་ལ་བརྟེན་ནས། རྒྱ་གར་གྱི་རྒྱལ་ཕྲན་ཐམས་ཅད་དབང་དུ་བསྡུས་པ་དང་། གླིང་བཞི་ལ་དབང་བསྒྱུར་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར། སྲན་མ་གཉིས་ཐུགས་ཀར་ཕོག་པའི་རྣམ་སྨིན་གྱི་འབྲས་བུར། དང་པོ་གླིང་བཞི་དང་འཇིག་རྟེན་གྱི་ཁམས་ལ་དབང་བསྒྱུར་བ་དང་། འདོད་ལྷ་རིགས་དྲུག་གི་ནང་ཚན་རྒྱལ་ཆེན་རིགས་བཞིའི་ལྷ་ཡུལ་གྱི་བདག་པོ་ཡང་ལོ་བརྒྱད་ཁྲིར་བྱས། གཉིས་པའི་འབྲས་བུར་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་ཕྱིན་ཏེ། དེའི་བདག་པོ་ལྷའི་དབང་པོ་བརྒྱ་བྱིན་དང་མཉམ་དུ་ཁྲི་གཅིག་གི་སྒང་ལ་བསྡད་དེ། བརྒྱ་བྱིན་སུམ་ཅུ་སོ་བདུན་གྱི་རིང་ལ་དེས་བརྒྱ་བྱིན་གྱི་རྒྱལ་སྲིད་ཕྱེད་ལ་དབང་བསྒྱུར་བའི་རྣམ་ཐར་ཡོད། དེས་ན་སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་གམ། ལོ་མ་གཅིག ཡང་ན་ནས་དང་འབྲས་ལ་སོགས་པ་སྤར་མོ་གང་ཙམ་གཏོར་བ་ཡིན་ན་ཡང་བརྒྱ་བྱིན་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གོ་འཕང་ཐོབ་པ་གསུངས་ཡོད་པས། ལས་འབྲས་ཀྱི་གསང་བ་ལ་ཡིད་ཆེས་ཀྱི་ནོར་དང་ལྡན་པ་དག་གིས་ཅིས་ཀྱང་འབྲས་དང་ཤིང་ཏོག་གཙང་མ་རེ་ཉོས་ཏེ་ལྷུང་བཟེད་ལན་རེ་བརྗེ་རྒྱུ་མ་བསྙེལ་ཞིག

མུ་འགོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*