སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ།

བོད་རབ་བྱུང་གཉིས་པའི་ཆུ་ཁྱི་སྟེ་ཕྱི་ལོ་ ༡༡༤༢ ལོར་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་། ཡུམ་མ་གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། སྐུ་བལྟམས་མ་ཐག་ལེགས་སྦྱར་གྱི་སྐད་གསུངས་པ་དང་། བདག་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ།། ཞེས་ཞབས་སྐྱིལ་མོ་ཀྲུང་དུ་བཞུགས། དེ་སྐབས་རྒྱ་གར་རྡོ་རྗེ་གདན་གྱི་སྒོ་ཐོད་ན་འཇམ་དབྱངས་ཀྱི་སྤྲུལ་བ་བསོད་ནམས་རྩེ་མོ་ས་སྐྱར་འཁྲུངས་སོ། །ཞེས་མཁའ་འགྲོ་མ་རྣམས་ཀྱིས་ཡི་གེ་བཏབ་པ་ཀཽཤཾབྷིའི་ཡུལ་གྱི་པཎྚིཏ་དེ་ཝ་མ་ཏིས་ཕྱོགས་སུ་བསྒྲགས་ཤིང་བཙལ་བས་བོད་ནས་བརྩད་ཆོད་པར་བཤད། ཆུང་དུས་ནས་པཎྜིཏ་མི་ཐུབ་ཟླ་བས་མཚོན་འཕགས་ཡུལ་གྱི་པཎ་གྲུབ་བཅུ་གཅིག་སོགས་སྐུ་སྐྱེ་སྔ་མ་རྣམས་དྲན་ཞིང་ཡི་དམ་དགྱེས་པ་རྡོ་རྗེ། འཇམ་དབྱངས། མི་གཡོ་བ། རྗེ་བཙུན་སྒྲོལ་མ་སོགས་ཀྱི་ཞལ་གཟིགས། དགུང་གྲངས་གསུམ་ཙམ་ནས་ཀྱཻ་རྡོར་དང་། བདེ་མཆོག་རྩ་རྒྱུད། ཀུན་བཏུས་སོགས་ཐུགས་ལ་གསུངས། ཡབ་ཀུན་དགའ་སྙིང་པོ་ལས་རྡོ་རྗེ་ཐེག་པའི་བསྡུས་འགྲེལ་དང་། དཀྱིལ་ཆོག སྒྲུབ་ཐབས། དབང་དང་བྱིན་རླབས་སོགས་ཕྱག་ལེན་ཕྲ་མོ་ཚུན་ཆད་ལ་བློ་གྲོས་ཀྱི་སྣང་བ་འགྲན་ཟླ་མེད་པར་གྱུར། དགུང་ལོ་བཅུ་བདུན་སྟེང་རྒྱུད་སྡེ་བཞི་བཅུ་ཐུགས་ལ་གསུངས་པས་གངྒ་ཚུན་ཆད་དུ་རྒྱུད་དང་མན་ངག་ལ་མཁས་པའི་སྙན་པས་ཁྱབ། མཚན་ཉིད་ཀྱི་གདན་ས་ཆེན་པོ་གསང་ཕུར་ཕེབས། རིག་པའི་དབང་ཕྱུག་ཕྱྭ་པ་ཆེན་པོ་ལོ་བཅུ་གཉིས་བསྟེན། སྡེ་སྣོད་གསུམ་གཙོ་བོར་གྱུར་པའི་རིག་གནས་མཐའ་དག་ལ་ཐུགས་གཉེར་མཛད། དེ་སྐབས་བོད་ན་སྐུ་ཆས་སྦུ་གུ་ཅན་བཞེས་མཁན་གྱི་གྲལ་ན་རྗེ་འདི་ལ་འགྲན་པའི་ལུང་རིགས་སྨྲ་བ་མེད་པར་གྲགས། ཕྱཱ་བའི་བུ་སློབ་ཇོ་སྲས་བཞིའི་གྲས་ནས་ཀྱང་རྗེ་འདིར་ཐུགས་གཙིགས་ཆེ་བར་མཛད། དགུང་ལོ་ཉེར་དྲུག་པར་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་བརྩམས། ཤེས་བྱའི་གནས་གང་ལ་ཡང་མི་འཇིགས་པའི་སྤོབས་པ་ཐོབ་པས་འཛམ་གླིང་བསྟན་པའི་སྲོག་ཤིང་ཆེན་པོ་ཞེས་གཟུར་གནས་དྲན་དབང་ཚོགས་ཀྱིས་བསྔགས་པ་མཛད། དགུང་ལོ་ཉེར་བདུན་པར་ལམ་འབྲས་ཀྱི་ལྟ་ཁྲིད་གསུངས་སྐབས་ཐུགས་སྲས་གཅུང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་འཇམ་དབྱངས་དང་། ཞུ་བྱས་དངོས་གྲུབ་ལ་བིར་ཝ་པ། རྨོག་སྟོན་སོགས་སློབ་འབངས་ཕལ་ཆེ་བས་སྤྱན་རས་གཟིགས་སུ་མཇལ་བ་དང་། ཕལ་པ་རྣམས་ལ་ཡང་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་འཁྲུངས་པ་སོགས་ངོ་མཚར་གྱི་མཛད་པས་འབྲེལ་ཚད་དོན་ལྡན་གྱི་རྣམ་ཐར་བསྐྱངས། ཕྱི་རབས་གདུལ་བྱའི་སྐྱེས་སུ་མདོ་སྔགས་རིག་གནས་དང་བཅས་པའི་གསུང་པོད་གསུམ་བཞུགས། ཕྱི་ལོ་ ༡༡༥༨-༡༡༥༩ བར་རྗེ་འདིས་གདན་ས་མཛད ། ཐུགས་སྲས་བུ་སློབ་ཀྱང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་། ཞུ་བྱས་དངོས་གྲུབ། རྨོག་སྟོན། གཉགས་སོགས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེའི་སྣང་བ་སྲིད་ཞིའི་ཁྱོན་དུ་འདྲེན་མཛད་མཁས་གྲུབ་ཉི་ཟླ་ལྟ་བུ་མང་དུ་བྱོན། མཐར་དགུང་གྲངས་ཞེ་བརྒྱད་པ་རབ་བྱུང་གསུམ་པའི་ཆུ་སྟག། སྨལ་ཟླའི་ཚེས་བཅུའི་ཉིན་སྟེ་ཕྱི་ལོ་ ༡༡༨༢ ལོར་མཁའ་འགྲོ་བྱེ་བའི་ཚོགས་ཀྱིས་བསུ་མ་དང་བཅས་སྐུ་ལུས་མ་སྤངས་པར་བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་གྱུར་ཏོ།། གང་གི་འདས་མཆོད་ཉིན་ཨ་འདུས་པས་སྤེལ་བ་དགེའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*