མ་མཇལ་ཐབས་མེད་ཀྱི་རྣམ་ཐར་ཞིག

རྫོང་སར་མཁྱེན་བརྩེའི་རང་རྣམ་ << མཁན་པ་སྐྱེས་ >> བཀླགས་པའི་ཟིན་ཐོ།ད་ལོ་ཏོག་ནད་ཀྱིས་རྐྱེན་པས་བདག་ལྟ་བུའི་རྒྱལ་ཁམས་པ་དག་ཀྱང་གློ་རྡེག་ཏུ་ཁག་ཆུང་གྲུ་བཞིའི་ནང་བཟང་བཙོན་ལྟ་བུར་སྡོད་དགོས་བྱུང་བ་ན། ནམ་རྒྱུན་འཛད་མཐའ་མེད་པའི་གཉིད་ཀྱང་རིམ་གྱིས་རྫོགས་ཤིང་། ལོ་ཤས་རྣམ་གཡེང་གིས་བརྗེད་ལ་ཉེ་བའི་དཔེ་ཀློག་གི་ལེའུ་དེ་ཡང་བསྐྱར་དུ་མགོ་མི་འཛུགས་ག་མེད་གྱུར། དེ་ནི་བརྩོན་འགྲུས་ཀྱིས་བསྐུལ་བས་མ་ཡིན་པར། དཀའ་སྡུག་གི་ལོ་ཟླ་འདིའི་གོམས་སྟབས་ཇེ་མགྱོགས་སུ་གཏོང་སླད་དམིགས་པ་ཞིག་རེད། དུས་ཚོད་ཀྱི་མདའ་རྩེ་རེ་རེ་ཡང་སྐད་ཆ་མང་པོའི་སྣང་བ་འཆར་བའི་དབྱར་གཞུང་གི་ཉིན་མོ་ཞིག་ལ། གྲོགས་པོ་ཞིག་གིས་རྫོང་སར་མཁྱེན་བརྩེའི་རང་རྣམ་དབྱིན་ཡིག་ནས་བོད་བསྒྱུར་བྱས་པ་ཞིག་བསྐུར་ཏེ། འདི་ལ་ཅིས་ཀྱང་དག་ཆ་དང་ཚིག་སྦྱོར་སོགས་ཀྱི་ཐད་ལ་ཞུས་དག་ལན་གཅིག་བྱེད་དགོས་ཞེས་བསྐུལ་མ་གནང་འདུག་པས། དེ་ནི་ཐེམ་སྤང་བཀའ་རྒྱའི་སྐབས་སུ་གྲགས་ཅན་གྱི་གློག་བརྙན་ཞིག་ལེགས་སྐྱེས་སུ་ཐོབ་པ་ལྟར་ལམ་སང་ངོས་ལེན་ཞུས་པ་ཡིན།༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ནི། གུས་པ་རང་ཉིད་མཇལ་མྱོང་བའི་བོད་ཀྱི་བླ་མ་དག་གི་ཁྲོད་ནས་མཛད་པ་ཆེས་དམིགས་བསལ་བ་ཞིག་ཏུ་རྟོགས་ཤིང་། ལྷག་པར་དུ་ཁོང་གི་བླ་ན་མེད་པའི་ཤེས་རབ་དང་། བསྟན་པ་སྤྱི་ལ་དམིགས་པའི་འཆར་སྣང་དང་། ཐུགས་སྟོབས། འཇོན་ཐང་སོགས་ནི་བདག་ལྟ་བུའི་བསམ་གཞིགས་ཀྱི་ར་བ་ལས་རྦད་དེ་བརྒལ་ཡོད། << མཁན་པ་སྐྱེས་>> ཞེས་པའི་རིན་པོ་ཆེའི་རང་རྣམ་འདི་ནི་ཐོག་མར་དབྱིན་ཡིག་ནང་བརྩམས་ཤིང་། ཚན་པ་རེ་རེ་བཞིན་རིན་པོ་ཆེའི་ངོ་དེབ་ཐོག་ཉིན་ཐོའི་ཟོལ་གྱིས་བཀྲམས་ཏེ། ད་གཟོད་ལེའུ་བཅུ་དྲུག་གི་བདག་ཉིད་ཅན་ཞིག་ཏུ་གྱུར་པ་འདྲ། ལེའུ་རེ་རེའི་ནང་འབྲུག་ཏུ་སྐུ་འཁྲུངས་པ་དང་། ནར་སོན་པའི་གོ་རིམ། སློབ་གྲྭར་ཕེབས་པ། མཁྱེན་བརྩེའི་སྤྲུལ་སྐུར་ངོས་འཛིན་གནང་བ། རིས་མེད་ཀྱི་བླ་མ་བསྟེན་ཏེ་གསན་བསམ་སློབ་གཉེར་མཛད་པ། གཞོན་ནུའི་སྐབས་ཀྱི་མྱོང་ཚོར། ངོ་མཚར་ཅན་གྱི་བཤེས་གཉེན་ཁག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཇི་ལྟར་མཇལ་ཚུལ་སོགས་སྐུ་ཚེའི་སྟོད་ཀྱི་མྱོང་བ་ཟབ་མོ་དག་ཡི་གེར་བཀོད་པའི་ཟིན་ཐོ་གལ་ཆེན་ཞིག་ཡིན།སྤྱིར་བོད་མི་རིགས་ནི་ཡིག་འཇོག་ལ་དགའ་བའི་མི་རིགས་ཤིག་ཡིན་མོད་ཀྱང་། ཉེ་རབས་བཙན་བྱོལ་དུ་ཕེབས་པའི་བོད་ཀྱི་བླ་མ་ཚོའི་ཁྲོད་དུ་ཆེ་ས་ནས་གཞུང་འགྲེལ་དང་། ཆུང་ས་ནས་རང་གི་ལོ་རྒྱུས་ཡི་གེར་འགོད་མཁན་ཧ་ཅང་ཉུང་ཉུང་ལས་མེད་པ་ནི་སྟོང་ཆ་ཞིག་ཏུ་ཚོར་ཞིང་། དེ་ལས་ཀྱང་སོ་སྐྱེ་ཕལ་བའི་བློའི་འཕེལ་རིམ་དང་ཆེས་ཆེར་འཚམས་ཤིང་། ཕུགས་སུ་འདི་སྣང་ཙམ་པ་པོ་བ་ལས་ཀྱང་དཀོན་མཆོག་ལ་དད་པ་དང་། ལས་འབྲས་ལ་ཡིད་ཆེས་གཙོར་བཟུང་དགོས་པར་ཡང་ཡང་གདམས་པའི་རང་རྣམ་འདི་འདྲ་བ་ནི་ཧ་ལམ་མཇལ་རྒྱུ་མེད་པའི་ཚད་དུ་ཡོད། རྣམ་ཐར་འདིའི་ཟུར་མང་པོ་ཞིག་ནས་རིན་པོ་ཆེའི་རང་གི་རང་མཚངས་དག་འབྲུག་པ་ཚོ་ཤིང་གི་ཕོ་མཚན་ལ་མི་འཛེམས་པ་ཇི་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་དམར་རྗེན་དུ་བཏོན་པའི་གོ་རིམ་མཇལ་སྐབས་ལན་རེར་ཧོན་ཐོར་ཞིང་། དགོད་སྤྲོ་བ། སྐབས་རེར་ངོ་གདོང་ཧྲིལ་པོ་ཚ་སོབ་བེར་གཏོང་ཐུབ་པ་ཡང་ཉུང་ཉུང་མིན་པས། བོད་པ་ཚོར་མཚོན་ན། རྣམ་ཐར་འདི་ནི་མིང་སྲིང་གཉིས་ཀྱིས་ལྷན་དུ་ཀློག་མི་ཐུབ་པའི་གནས་སུ་གྱུར་ཡོད།མ་གཞི་ནས་ཚུལ་འཆོས་ནི་ཚུལ་འཆོས་རང་ཡིན་པས། ལས་དང་པོ་བ་ཚོས་དེའི་འགྲོ་ལུགས་དང་ལེན་དགོས་པའི་སྐབས་ཏན་ཏན་ཡོད་མོད། སྦུན་པ་འཕྱར་བ་ལྟ་བུའི་འཇིག་རྟེན་ཆོས་བརྒྱད་བློས་བཏང་བའི་ཆོས་པ་རྣམ་དག་ཅིག་ལ་མཚོན་ན། ཚུལ་འཆོས་ནི་རང་དབང་གི་བཞུད་ལམ་བཀག་སྡོམ་་བྱེད་པའི་ལྕགས་དྲ་ཞིག་དང་། ཆོས་བརྒྱད་རོ་སྙོམས་ཀྱི་ཉམས་ལེན་འཕེལ་རྒྱས་ལ་གནོད་པའི་གཡོ་ཐབས་ཤིག་ཏུ་རྟོགས་ཟིན་པ་སྨོས་ཅི་དགོས།ད་དུང་རྣམ་ཐར་འདི་བརྒྱུད་ནས་ང་ཚོས་རྟོགས་ཤིང་མྱོང་ཐུབ་ནི། ཉེ་རབས་བོད་བརྒྱུད་ནང་བསྟན་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྤེལ་བར་མཛད་རྗེས་རླབས་ཆེན་བཞག་མྱོང་མཁན་གྱི་སྐྱེས་ཆེན་ཁག་ཅིག་སྟེ། ཆོས་ཀྱི་བསླབ་བྱ་དང་། མི་ཆོས་ཀྱི་འགྲོ་ལུགས་གང་ཐད་ནས་རྩོམ་པ་པོ་དང་ཤ་འདྲེས་པགས་འདྲེས་སུ་སོང་མྱོང་བའི་༧ས་སྐྱ་ཁྲི་ཆེན་དང་། དིལ་མགོ་མཁྱེན་བརྩེ། ཞེ་ཆེན་ཀོང་སྤྲུལ། ཀ་ཐོག་སི་ཏུ། སྡེ་གཞུང་སྤྲུལ་སྐུ་སོགས་རིས་མེད་ཀྱི་བླ་ཆེན་མང་པོ་ཞིག་གི་ཐུབ་བསྟན་ལ་བཅངས་པའི་ཞུམ་མེད་ཀྱི་ཐུགས་སྟོབས་དང་། བསོད་ནམས་ཀྱི་དཔལ། བརྩེ་བའི་མདངས། ཕྱོགས་མེད་ཀྱི་མཁྱེན་རབ་བཅས་ཡིན་ཞིང་། དེ་དག་ནི་མཁྱེན་བརྩེ་རིན་པོ་ཆེའི་ཤེས་རབ་ལ་གསོན་ཤུགས་དང་། ཐུགས་སྟོབས་ལ་གོ་ཆ་སྦྱིན་པའི་དཔུང་རོགས་བླ་མེད་དུ་གྱུར་ཡོད།དེ་བཞིན་དུ་རྣམ་ཐར་འདི་ལས་མཁྱེན་བརྩེ་རིན་པོ་ཆེའི་ཁྱིམ་མའི་གནས་ཚུལ་རྟོགས་ཐུབ་ལ། ཁོང་གི་དགེ་རྒན་དང་། ཕྱག་མཛོད། བཀའ་ཆོས་ཞུ་ཡུལ་གྱི་བླ་མ་ཁག ཐ་ན་ཁོང་སྐུ་ན་ཆུང་དུས་ཀྱི་བརྩེ་དུང་དང་། གྱེས་བྲལ། དད་འདུན། ཞེན་ཆགས་སོགས་བསམ་བློའི་རང་བཞིན་དང་། འཚོ་བ་དངོས་ཀྱི་གནས་ཚུལ་ཆུང་ཚགས་དག་ཀྱང་བྲིས་པ་དེས་རྣམ་ཐར་གྱི་སྔ་གཞུགས་གང་སར་ཡིད་འགུགས་ཀྱི་ནུས་པ་དམིགས་བསལ་བ་ཞིག་ཁ་སྣོན་བྱས་ཡོད།རྣམ་ཐར་འདི་མཇལ་དུས་སེམས་ཚོར་ཆེན་པོ་སྦྱིན་བྱེད་གཅིག་ནི། མ་ཡུམ་དང་རིན་པོ་ཆེའི་བར་གྱི་འབྲེལ་ལམ་དེ་ཡིན། སྤྲུལ་སྐུའི་མཚན་བྱང་འོག་ཡུམ་སྲས་གཉིས་མི་འདོད་བཞིན་དུ་གྱེས་བྲལ་བྱ་དགོས་བྱུང་བ་ནི། རིག་གཞུང་ཞིག་གིས་བསྐྱེད་པའི་གནོན་ཤུགས་འཕར་མ་དེ་ཡིན་པས། བོད་དང་ཡུལ་སྲོལ་ཐ་དད་པའི་མི་དག་གིས་བསམ་ཤེས་བྱ་མི་ཐུབ་པ་ཞིག་ཡིན་ནའང་། ཆོས་དད་ཆེ་ཞིང་། ལས་ལ་བརྩོན་པ། སྨྲ་བ་ཉུང་བའི་ཁོང་གི་མ་ཡུམ་ལྟ་བུས་བསམ་ཤེས་བྱ་ཐུབ་པ་དེ་ཡིན། སྦྱིར་ཆགས་སྲེད་དང་འབྲེལ་བའི་ཕོ་མོའི་འདོད་བརྩེ་ལ་རྒྱབ་ཀྱིས་ཕྱོགས་པའི་རབ་བྱུང་ཞིག་ཡིན་ཕྱིན། འཇིག་རྟེན་སྟེང་རང་ཉིད་ཆེས་བརྩེ་ཞིང་དུང་སའི་བུད་མེད་ཐོག་མ་ནི་རང་གི་ཨ་མ་ཁོ་ན་ཡིན་ངེས་པ་ལྟར། རིན་པོ་ཆེ་ཡང་ངང་ཚུལ་དེ་ཉིད་ལས་མ་འདས་ཏེ། དུས་ཕྱིས་སུ་ཡུམ་ཆེན་གྱི་གྲོགས་མོ་ཡིན་པའི་ཨ་མ་ཀུན་དགའ་མཐོང་ཐེངས་རེར་ཁོང་གིས་ཡུམ་ཆེན་ཇི་ཙམ་དྲན་མྱོང་བའི་ངང་ཚུལ་དེ་གསལ་པོར་རྟོགས་ཐུབ།ཨ་མ་དག་ནི་དབང་ཆུང་ཞིང་། ཕ་རྒན་དག་ནི་དབང་ཤེད་བའི་གནས་བབ་དེ་འབྲུག་ཙམ་མ་ཟད་འཚོ་བའི་ཡོང་འབབ་ཀྱི་བརྒྱ་ཆ་ཨ་ཕར་བརྟེན་པའི་ཡུལ་གྲུ་ཁག་གི་སྤྱི་འགྲོས་ལྟར་གྱུར་ཡོད། དེ་བཞིན་དུ་བོད་འབྲུག་གི་བུ་ཕྲུག་ཚོས་ཕ་མ་དག་ལ་ངས་ཁྱེད་ཅག་དྲན་གི་ཡོད་ཅེས་ངག་ནས་སྨྲ་སྲོལ་མེད་པ་དང་། ཕ་རྒན་དག་གིས་བུ་ཕྲུག་གི་མཐོང་སར་ཨ་མ་ལ་ཚིག་ངན་བརྡུངས་པ། མཚངས་འབྱིན་བྱེད་པ་ནི། མི་ཚེ་ཧྲིལ་པོར་བུ་ཕྲུག་གི་སེམས་ངོར་བརྗེད་དཀའ་བའི་ན་ཟུག་ཏུ་འགྱུར་བཞིན་པའི་གནས་ལུགས་དེ་གསལ་པོར་བཀོད་ཡོད། མདོར་ན། ཡབ་ཀྱིས་རྒྱུན་དུ་ཡུམ་ལ་བཀའ་བཀྱོན་དྲག་པོ་མཛད་པའི་ཉེར་ལེན་ལས། ཕ་མའི་བསླབ་བྱ་གཙོ་བོ་ནི། བྱིས་པའི་མིག་སྔར་རང་གི་ཀུན་སྤྱོད་ལ་གཟབ་ནན་དགོས་པའི་དྲན་སྐུལ་མཛད་ཡོད།མཁྱེན་བརྩེ་རིན་པོ་ཆེ་ནི། ས་སྐྱའི་སྤྲུལ་སྐུ་ཙམ་མིན་པར། རྙིང་མའི་སྤྱི་ཚོགས་ཁྲོད་ཧ་ཅང་ཆེ་མཐོང་ལྡན་པའི་བདུད་འཇོམས་གདུང་རྒྱུད་ཀྱི་སྲས་ཤིག་ཀྱང་ཡིན་པས། ཁོང་ནི་ཆོས་དང་གདུང་བརྒྱུད་གཉིས་ལྡན་གྱི་བླ་མ་ཞིག་ཆགས་ཡོད།ཡང་སྲིད་དུ་ངོས་འཛིན་གནང་ཚུལ་སྐོར་ནི། ཧ་ཅང་ཡ་མཚན་པ་ཞིག་ཡིན་ཏེ། ཕྱི་ལོ་ ༡༩༥༩ ལོར་མཁྱེན་བརྩེ་སྐུ་གོང་མ་མྱ་ངན་ལས་འདས་རྗེས། ཁོང་ལ་རིས་མེད་ཀྱི་བུ་སློབ་སྙན་གྲགས་ཅན་མང་པོ་བཞུགས་པའི་ཁྲོད་ནས། དགུང་ལོ་བཅུ་བཞི་ཙམ་ལས་མ་སོན་པའི་ས་སྐྱ་གོང་མ་རིན་པོ་ཆེ་གཅིག་པུར་ཡང་སྲིད་མཚན་གསོལ་གྱི་ཐུགས་འགན་ཕུལ་བ་དེས་ལས་འབྲས་ཀྱི་གསང་བ་དང་། བླ་སློབ་ཀྱི་དམ་ཚིག་ནི། ལོ་ཚད་དང་། དབང་ཤུགས་ཀྱིས་ངོས་འཛིན་བྱ་རྒྱུ་ཞིག་མ་ཡིན་པར། གཙོ་བོ་ལྐོག་གྱུར་མཁྱེན་པའི་ཡེ་ཤེས་ལ་ཡིད་རྟོན་པའི་གནས་ལུགས་གལ་ཆེར་བརྩིས་པ་རྟོགས་ཐུབ། མཁྱེན་བརྩེ་རིན་པོ་ཆེར་མཚན་འབུལ་གནང་མཁན་གྱི་བླ་ཆེན་མང་པོ་བྱུང་བའི་ཁྲོད་ནས། ༧གོང་མ་རིན་པོ་ཆེས་ ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ ཞེས་སྩལ་བའི་མཚན་དེ་ནི་ཁོང་གི་སྐུ་ཚེ་འདིའི་མཛད་འཕྲིན་བསྐྱངས་ལུགས་ཀྱི་ནང་དོན་དང་ཧ་ཅང་འཚམས་པོར་གྱུར་ཡོད་ཅིང་། ཁོང་ནི་༧གོང་མ་རིན་པོ་ཆེས་ངོས་འཛིན་མཛད་པའི་སྤྲུལ་སྐུ་ཐོག་མ་དེར་ཡང་གྱུར་ཡོད།ང་ཚོར་ཧ་ཅང་ལྐོག་ཏུ་གྱུར་པ་ཞིག་ནི། རྣམ་རྟོག་གི་འཆང་རྒྱས་བཅངས་པའི་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ལྟ་ཚུལ་ཡན་གར་བ་དག་གི་སྐོར་ཏེ། དཔེར་ན། བྱི་བས་མཆོད་གཏོར་བཟས་ཚུལ་དང་། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཁ་སྤུ་ཅན་བྲིས་པར་བཀོད་པའི་རྒྱུ་མཚན་སོགས་ཡིན། འདི་དག་ལས་ང་ཚོའི་ལྷན་སྐྱེས་ཀྱི་བློ་ནི། ཧ་ཅང་ཕྱོགས་རེ་བ་ཡིན་པ་དང་། འདིས་ཐག་གཅོད་བྱས་པའི་གཏན་ཚིགས་ལས་གནས་ཚུལ་ཇི་བཞིན་པ་ཞིག་ནམ་ཡང་རྟོགས་ཐབས་མེད་པར་འགྲེལ་ཡོད་ཅིང་། མི་རྣམས་ཀྱིས་ཧ་ཅང་གལ་ཆེར་བརྩིས་པའི་ལོ་རྒྱུས་ཀྱི་ཆོས་ཉིད་དང་། སྐྱེ་བོ་ཕལ་བའི་སྣང་ཚུལ་མཐའ་དག་ནི་ལས་དབང་གི་རྟེན་འབྱུང་འབའ་ཞིག་ལས་བྱུང་བའི་གནད་དོན་ལ་གཏིང་ཟབ་མོའི་འགྲེལ་བཤད་གནང་ཡོད།རང་རྣམ་འདི་ནི། མཁྱེན་བརྩེའི་རང་རྣམ་ཙམ་མིན་པར། མཁྱེན་བརྩེ་རིན་པོ་ཆེས་མི་རབས་རྒན་པ་ཚོའི་ངག་རྒྱུན་ལས་གང་ཞིག་ཐོས་ཤིང་མྱོང་བ་དག་གི་འཆར་ཡན་ཁག ཚོན་རིས་གསལ་ཞིང་། བཟོ་བཀོད་ཕུན་སུམ་ཚོགས་པའི་སྣང་བརྙན་གསོན་པོའི་ལམ་ནས་མཇལ་ཐུབ་པའི་མེ་ལོང་ཆེན་པོ་ཞིག་ཡིན་ཏེ། དེ་དག་ལ་ལ་ནི། གཏམ་རྒྱུད་ཀྱི་ལམ་ནས་འཆད་ཅིང་། འགའ་རེ་ནི་ལྷ་སྒྲུང་གི་ཚུལ་གྱིས་བཤད་ཡོད་པས། རྣམ་ཐར་འདི་ལས་བོད་དང་། བོད་ཀྱི་ཆོས་འབྱུང་དང་། རྒྱལ་རབས། ལོ་རྒྱུས་མི་སྣ་མང་པོ་ཞིག་ཀྱང་ཞར་ལ་རྟོགས་ཐུབ་སྟེ། དེའི་དཔེ་མཚོན་གཅིག་ནི། རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་ཐོག་མར་མཇལ་བ་དང་། བཀའ་ཆོས་གསན་པ། མཇུག་ཏུ་ཤྭ་བ་དང་། རྡོ་ལས་གྲུབ་པའི་སེངྒེ་སྩལ་ཏེ། རིམ་བཞིན་ཁྱེད་བྱམས་བརྩེའི་བདག་ཉིད་ཅན་དུ་གྱུར་པར་ཤོག་ཅེས་དང་། ཁྱེད་ལ་འཇིགས་པ་མེད་པའི་སྤོབས་པ་ཐོབ་པར་གྱུར་ཅིག ཅེས་ཐུགས་སྨོན་མཛད་པ་སོགས་ནི་རྟེན་འབྲེལ་གྱི་གནད་ལ་དབང་འབྱོར་བའི་སེམས་དཔའ་ཆེན་པོ་དག་གི་མཛད་པ་རང་དུ་འདུག་ཨང་སྙམ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་ལ་མོས་གུས་དུང་ངེ་བ་ཞིག་སྐྱེ་བའི་རྒྱུར་གྱུར་ཏོ། །མདོར་ན་རིན་པོ་ཆེ་མཆོག་གིས་དབྱིན་ཡིག་ནང་མཛད་པའི་རྣམ་ཐར་འདི་ཉིད་ཀྱི་གནད་དོན་ཧྲིལ་པོ་ནི། འདིར་བརྗོད་ཐབས་མེད་ཅིང་། དོན་གཉེར་ཅན་དག་གིས་ངེས་པར་ལན་རེ་བཀླགས་ཐུབ་ན་རང་གི་མིག་རྒྱ་བསྐྱེད་ཅིང་། དག་སྣང་གི་མེ་ཏོག་སྣ་ཚོགས་བཞད་པའི་དགེ་མཚན་ཅི་བས་གོ་སྐབས་འདི་བརྒྱུད་ནས་དཔྱོད་ལྡན་ལོ་ཙཱ་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་ཀྱང་བྱུང་རབས་ཀྱི་གལ་གནད་སྙིང་པོར་སྤྲུམ་པའི་ཡི་གེ་འདི་ལྟ་བུ་གང་མང་ཡིག་སྒྱུར་ཡོང་བའི་གཞེན་སྐུལ་ཀྱང་ཞར་ལ་ཞུའོ། ། ​​​​ ཨ་འདུས་པས་ས་སྐྱ་མཐོ་སློབ་ཏུ་བྲིས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*