འབྲི་རུ་བསམ་འགྲུབ་བདེ་ཆེན་ཆོས་འཁོར་གླིང་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན།

ཁ་རྩང་སྤྱི་ལོ ༢༠༢༠ སྤྱི་ཟླ་ ༣ ཚེས་ ༡༥  བོད་ཟླ་ ༡ དང་པའི་ཚེས ༢༡ ཉིན་གངས་ཅན་མཁས་པའི་གཙུག་རྒྱན་མདོ་སྔགས་རབ་བྱམས་སྨྲ་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་གོ་བོ་རབ་བྱམས་པ་བསོད་ནམས་སེངྒེ་མཆོག་དང་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་དབང་པོ་མཆོག་རྣམ་པ་གཉིས་ཀྱི་དགོངས་རྫོགས་དུས་དྲན་ཉིན་རྒྱ་གར་བྱང་ཕྱོགས་བོད་གཞིས་སྦིར་ས་གནས་སུ་དཔལ་ས་སྐྱ་པའི་རྗེས་སུ་སློབ་པའི་འབྲི་རུ་བསམ་འགྲུབ་བདེ་ཆེན་ཆོས་འཁོར་གླིང་བཙན་བྱོལ་དུ་ཕྱག་བཏབ་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་མཛད་སྒོ་ཕུན་སུམ་ཚོགས་པ་ཞིག་ཚོགས་གནང་སོང་།  དེ་ཡང་ཚོགས་མགོན་དུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་མཆོག་དང་༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག   ༸སྐྱབས་རྗེ་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དང་འབྲི་རུ་གདུང་བརྒྱུད་སྤྲུལ་སྐུ་ངག་དབང་བློ་གྲོས་བསྟན་པའི་རྒྱལ་མཚན་མཆོག   དེ་བཞིན་དུ་རྫོང་གསར་མཁན་པོ་འཇམ་དབྱངས་བློ་གསལ་མཆོག་དང་རྫོང་གསར་མཁན་པོ་བསམ་འགྲུབ་མཆོག  མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་སོགས་མཁན་སྤྲུལ་དང་དགེ་འདུན།  སྦིར་བོད་པའི་གཞིས་ཆགས་ཁག་གི་མི་མང་དང་སྐུ་མགྲོན་པ་སོགས་རྒྱས་འཛོམས་ཐོག་ནས་ཞོགས་པའི་ཆུ་ཚོད ༧: ༡༥ ཙམ་ལ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དབུས་བཞུགས་ཐོག་ནས་ལམ་འབྲས་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེ་དཔལ་བཟང་པོ་མཆོག་གི་དགོངས་རྫོགས་དུས་མཆོད་བརྩི་སྲུང་དང་འཇམ་དབྱངས་བླ་མའི་རྣལ་འབྱོར་ལ་བསྟེན་པའི་ཚོགས་མཆོད་བསོད་ནམས་རབ་རྒྱས་ཆོ་གའི་སྒོ་ནས་ཚོགས་མཆོད་གཏོང་རག་ཟབ་རྒྱས་གནང་སོང་།   ཉིན་རྒྱབ་འབྲི་རུ་བསམ་འགྲུབ་བདེ་ཆེན་ཆོས་འཁོར་གླིང་བཙན་བྱོལ་དུ་ཕྱག་བཏབ་ནས་ལོ་ངོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་མཛད་སྒོ་གནང་པ་དང་།  མཛད་སྒོ་ཐོག་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་འཁོན་གདུང་གསུམ་དབུས་པའི་མཁན་བླ་སྤྲུལ་རྣམ་པ་དང་རང་གཞུང་ཆོས་རིག་བཀའ་བློན་སོགས་དབུས་བཞུགས་ཐོན་ནས་མཛད་སྒོ་བརྩི་སྲུང་དང་སྦིར་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་བཅས་ནས་གཞས་སྣ་འཁྲབ་སྟོན་སོགས་ཀྱི་ཕུན་སུམ་ཚོགས་པའི་སྒོ་ནས་མཛད་སྒོ་ལེགས་གྲུབ་གནང་འདུག   

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*