ཅིའི་ཕྱིར་རྒྱ་མཚོ་འཁུན་པ་རེད། མུ་འགོད་སྒྲུང་ཐུང་ཁག

སྒྲུང་ཐུང་བཅུ་དགུ་པ། <<ཅིའི་ཕྱིར་རྒྱ་མཚོ་འཁུན་པ་རེད།>>

                           —ཐང་གླུད་ཀྱིས་བསྒྱུར།

སྔོན་གྱི་དུས་ཤིག་ལ། མཚོ་ངོགས་ཤིག་ཏུ་སྲས་མོ་ཆུང་ཆུང་སྙིང་རྗེ་མོ་ཞིག་ཡོད།   ཁོང་མོའི་མིང་ལ་དེའུ་ནེ་ཤ་ཟེར།   རང་ཉིད་རྒྱལ་པོའི་སྲས་མོ་ཡིན་པར་བརྟེན་སྙིང་ཉེ་བའི་གྲོགས་པོ་མེད་པས་ན།  མོ་མཚོ་འགྲམ་གྱི་བྲག་རྡོའི་ཐོག་ཏུ་སྡོད་རྒྱུར་དགའ།  

ཉིན་ཞིག་གི་ས་སྲོད་ཙམ་ལ།  ལཱ་བྷེ་སི་མེ་ནཱ་ཞེས་པའི་མཚོ་སྦྲུལ་མ་ཞིག་མཚོ་ནང་ནས་ཡར་ཐོན།   སྲས་མོས་དེ་མཐོང་མ་ཐག་སྐྲག་སྣང་སྐྱེས་ཀྱང་།   མཚོ་སྦྲུལ་མ་ལཱ་བྷེ་སི་མེ་ནཱ་ཡིས་སྲས་མོ་ལ་བརྩེ་བའི་འཛུམ་ཞིག་བསྟན་པས་ཁོང་གཉིས་གྲོགས་མོར་གྱུར།   

ལོ་མང་པོ་ཞིག་འདས་པའི་རྗེས་སུ་སྲས་མོ་དེའུ་ནེ་ཤ་ནི་མཛེས་སྡུག་ལྡན་པའི་གཞོན་ནུ་མ་ཞིག་ཏུ་གྱུར་པ་དང་། མཚོ་སྦྲུལ་མ་ལཱ་བྷེ་སི་མེ་ནཱ་ནི་རྒས་ཤིང་འཁོགས་པར་གྱུར།    དེ་ལྟར་ན་ཡང་།  མཚོ་སྦྲུལ་མ་ལཱ་བྷེ་སི་མེ་ནཱ་ཡིས་སྲས་མོ་ལ།   ཁོང་མོར་རོགས་དགོས་པའི་སྐབས་སུ་ག་དུས་ཡིན་ནའང་མོ་ལ་སྐད་གཏོང་ཆོག་ཅེས་བཤད། 

ཉིན་ཞིག་ལ་རྒྱལ་པོ་བགྲེས་སོང་ཞིག་སྲས་མོ་དེའུ་ནེ་ཤ་ལ་གཉེན་སྒྲིག་ཏུ་ཡོང་།  ཁོང་མོས་མཚོ་སྦྲུལ་མ་ལཱ་བྷེ་སི་མེ་ནཱ་ལ་ཁོང་མོར་རོགས་པ་བྱེད་རོགས་ཞེས་སྐད་བཏང་བ་དང་།  མཚོ་སྦྲུལ་མ་ལཱ་བྷེ་སི་མེ་ནཱ་ཡིས་རྒྱ་མཚོའི་ཆུ་རླབས་ལས་གྲུ་གཟིངས་ཤིག་བཟོས་པ་དང་། སྲས་མོ་གྲུ་གཟིངས་དེ་བརྒྱུད་ནས་བྲོས།    དེ་ནས་སྲས་མོས་མཚོ་སྦྲུལ་མ་ལ།  ཁོང་མོས་ཅི་ལྟར་མོ་ལ་དྲིན་ལན་འཇལ་དགོས་སམ་ཞེས་དྲིས་པ་ན།   མཚོ་སྦྲུལ་མ་དེས “ ང་ནི་ངན་སྔགས་ཀྱིས་བསླུས་པའི་སྲས་མོ་ངོ་མ་ཞིག་ཡིན། འཇིག་རྟེན་འདིའི་སྟེང་གི་ཆེས་བདེ་སྐྱིད་ལྡན་པའི་སྨན་ཆུང་མ་ཞིག་གིས། བདག་གི་མིང་ནས་ཐེངས་གསུམ་ལ་མ་བོས་བར་དུ་ང་མཚོ་སྦྲུལ་གྱི་རྣམ་པ་བྱས་ནས་སྡོད་དགོས་ངེས་ཡིན།  དེར་བརྟེན།  ཁྱེད་ཀྱི་འཇིག་རྟེན་མཐུན་འཇུག་གི་ཉིན་མོ་དེར།  ཁྱེད་ནི་འཇིག་རྟེན་འདིའི་སྟེང་གི་ཆེས་བདེ་སྐྱིད་ལྡན་པའི་སྨན་ཆུང་མ་དེ་འགྱུར་ངེས་པས།  གལ་ཏེ་ཉིན་དེར་ཁྱེད་ཀྱིས་བདག་གི་མིང་ནས་ཐེངས་གསུམ་ལ་འབོད་རྒྱུ་དྲན་ན།  ཁྱེད་ཀྱིས་བདག་སླུ་བྱེད་ཀྱི་ངན་སྔགས་དེ་གཏོར་ངེས་ཡིན། དེ་ནས་བཟུང་བདག་མཚོ་སྦྲུལ་གྱི་ཚབ་ལ་སྙིང་དུ་སྡུག་པའི་སྲས་མོ་ཞིག་ཏུ་འགྱུར་ཐུབ།  ”ཅེས་བཤད་པ་ན།  སྲས་མོས་རང་གི་གཉེན་སྒྲིག་གི་ཉིན་མོ་དེར་མཚོ་སྦྲུལ་གྱི་མིང་ནས་ཐེངས་གསུམ་བོས་ཏེ་ཁོ་མོ་ངན་སྔགས་དེ་ལས་ཐར་བ་བྱ་རྒྱུ་དམ་བཅས།   

དེའི་རྗེས་སུ་སྲས་མོ་དེའུ་ནེ་ཤ་ཡིད་དུ་འོང་བའི་རྒྱལ་སྲས་གཞོན་ནུ་ཞིག་ལ་ཕྲད་པ་དང་།  ཁོང་གཉིས་ཀྱིས་གཉེན་སྒྲིག་བྱས།   བཀྲ་ཤིས་པའི་ཉིན་མོ་དེར་སྲས་མོ་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་ཏེ། མཚོ་སྦྲུལ་མ་ལཱ་བྷེ་སི་མེ་ནཱ་ཡི་མིང་ནས་འབོད་རྒྱུ་མ་དྲན་པས།    མཚོ་སྦྲུལ་མ་ལཱ་བྷེ་སི་མེ་ནཱ་མཚོ་ནང་དུ་སྦྲུལ་གྱི་རྣམ་པའི་ཐོག་ནས་རང་སོར་གནས་པ་དང་། མོའི་བློ་ཕམ་གྱི་འཁུན་སྒྲ་ད་དུང་མཚོ་ནང་དུ་འཇགས་མེད་པ་ཐོས་སོ།།

༢༠༡༩/༥/༢༧གཟའ་ཟླ་བ།

སྒྲུང་ཐུང་ཉི་ཤུ་པ། <<ཕན་ཐོགས་ཆེ་བའི་ཡུལ་ལྷ། >>

—ཐང་གླུད་ཀྱིས་བསྒྱུར།

བུ་མོ་ཆུང་ཆུང་ནེ་ལེའུ་དང་མོའི་རྨོ་མོ་གཉིས་གྲོང་རྡལ་ཆུང་ཆུང་ཞིག་གི་ཁང་ཆུང་ཞིག་ཏུ་བསྡད་ཡོད།  

གྲོང་རྡལ་དེ་ནི་ལྕོག་ལེ་ཊིའི་འཁུར་ར་དང་ལུམ་འབྲས་དམར་པོའི་བྱི་རིལ། སྦྲང་རྩི་དང་ལྡན་པའི་བག་སྲེག་སོབ་སོབ་བཅས་སྤྲི་མའི་མངར་ཟས་སོགས། བྲོ་བ་ཆེ་བའི་ཟས་རིགས་སྣ་ཚོགས་ཡུལ་དེ་ནས་བཟོས་པས་སྙན་གྲགས་ཤིན་ཏུ་ཆེ་བར་བརྟེན། བུ་མོ་ནེ་ལེའུ་ནི་རང་གི་གྲོང་རྡལ་དང་ཁང་ཆུང་གཉིས་ལ་ཤིན་ཏུ་དགའ།  གྲོང་རྡལ་དེ་ད་དུང་དགོང་མོའི་དུས་སུ་རོ་བཅུད་ལྡན་པའི་འཇུ་ཟས་རྣམས་ལ་སྲོག་ཞུགས་པའི་སྐོར་ཀྱི་སྒྲུང་ལའང་སྙན་གྲགས་ཆེ་སྟེ། དེ་གའི་མི་རྣམས་ཀྱིས་ཞབས་བྲོ་འཁྲབ་པའི་འཁུར་ར་བག་སྲེག་དང་སྐད་ཆ་འཆད་པའི་བྱི་རིལ་སྐོར་ལ་གླེང་གི་ཡོད། 

རྨོ་མོས་དགོང་ལྟར་གནས་དེའི་ཕན་ཐོགས་ཤིང་སྤྲོ་སྣང་ཅན་གྱི་ཡུལ་ལྷ་ཊེ་ཌི་ལཱོ་རེའི་སྐོར་གྱི་སྒྲུང་འཆད་ཀྱི་ཡོད།    

ཁོས་རྒྱུན་དུ་ཞྭ་དམར་པོ་ཞིག་གྱོན་གྱི་ཡོད་པས། ཁོའི་མིང་གཞན་ལ་ཞྭ་དམར་ཅན་ཡང་ཟེར།  ཉིན་ཞིག་ལ་རྨོ་མོ་ལ་ནད་བྱུང་བས་ནང་གི་བྱ་བ་ཐམས་ཅད་ནེ་ལེའུ་ཡིས་བྱེད་དགོས་བྱུང་།  ནེ་ལེའུ་ཡིས “ བདག་གིས་ཡུལ་ལྷ་ཊི་ཌི་ལཱོ་རེ་ལ་རོགས་བྱེད་པར་ཡོང་བར་གསོལ་བ་ཇི་ལྟར་འདེབས་དགོས་སམ།”ཞེས་མོས་ཁེར་འདང་བརྒྱབ།    མོ་གཉིད་ལ་ཤོར་བའི་སྐབས་སུ་ཡུལ་ལྷ་ཊི་ཌི་མོའི་ཁྱིམ་ལ་སླེབས་ནས།  ཁང་པའི་ནང་གཙང་ཕྱགས་བྱས་ཤིང་སྣོད་ཆས་ཚང་མ་བཀྲུས།  མེ་སྤར་ནས་འབྲས་ཐུག་བསྐོལ།  ཁོས “འདིས་བུ་མོ་ཆུང་ཆུང་ནེ་ལེའུ་དགའ་བར་བྱ”སྙམ་ནས་འཛུམ་ཞིག་མངོན་བཞིན།  “མི་ཚང་མ་གཉིད་ལས་མ་སད་སྔོན་ལ་ང་ངེས་པར་དུ་འགྲོ་དགོས”བསམས།   དེ་མ་ཐག་ཏུ་ནེ་ལེའུ་གཉིད་ལས་སད་ནས་ཞྭ་དམར་གྱོན་པའི་ཡུལ་ལྷ་མཐོང་། མོ་དགའ་སྤྲོ་དང་བཅས་སྐད་ཆེན་པོས“རྨོ་མོ་ལགས། ལྟོས་དང་།  ཡུལ་ལྷ་ཊི་ཌི་འདི་ན་འདུག”ཅེས་བཤད་པ་དང་།  ཡུལ་ལྷ་ཊི་ཌི་མི་སྣང་བར་གྱུར་བས།  བུ་མོ་ནེ་ལེའུ་ནི་ཡུལ་དེའི་ཕན་ཐོགས་ཆེ་བའི་ཡུལ་ལྷ་ཞྭ་དམར་ཅན་མཐོང་མཁན་གཅིག་པུ་དེ་ཡིན་ནོ།།༢༠༡༩/༥/༢༨གཟའ་ཉི་མ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*