ཤཀྱ་ཐུབ་པ་ལ་དགའ་དགོས་རེད། ༧ སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་གསུངས།

འདིར་མི་སྐྱ་ཆོས་ཞུ་མཁན་རྣམས་ཀྱིས་རེ་བ་མང་པོ་ཞིག་རྒྱག་སྡོད་ཀྱི་འདུག ཆོས་བྱེད་སྟངས་གང་འདྲ་བྱེད་དགོས་ཀྱི་རེད་དམ། ཉམས་ལེན་བྱེད་སྟངས་གང་འདྲ་བྱེད་དགོས་རེད་ཅེས་ང་ལ་སྐད་ཆ་མང་པོ་ཞིག་འདྲི་ཡི་འདུག བྱམས་སྙིང་རྗེ་སྒོམ་དགོས་ཀྱི་རེད་དམ་མ་རེད། ཞི་གནས་སྒོམ་དགོས་ཀྱི་རེད་དམ་མ་རེད། སྔོན་འགྲོ་བཏང་དགོས་ཀྱི་རེད་དམ་མ་རེད་ཅེས། སྐད་ཆ་རྫོགས་རྒྱུ་མེད་པ་ཞིག་འདྲི་སྡོད་ཀྱི་འདུག ཁ་ཏོན་འདོན་རྒྱུ་དེ་ཚོ་ག་རེ་འདོན་དགོས་རེད་ཟེར་བ་འདྲ་དང་། ཡང་ཁ་ཤས་ཀྱིས་བླ་མ་འདྲ་དེ་ཚོའི་ས་ནས་དབང་འདྲ་ཞུས། ཁ་ཏོན་འདོན་ཤོག་ཟེར་དུས་ཁ་ཏོན་མང་ཐག་ཆོད་ཅིག་ཁས་ལེན་བྱས། ཡང་བླ་མ་གཞན་དག་ཞིག་ས་ལ་འགྲོ་ནས་ཁ་ཏོན་ཐམས་ཅད་མར་དགོངས་ཡངས་གནང་བའི་དེ་འདྲའི་རེ་བ་ཡོད་པ་འདྲ། ཁྱེད་ཚོས་སྐྱབས་འགྲོ་འདོན་ན་འདོན། མ་འདོན་ན་མ་འདོན། སྔགས་བགྲང་ན་བགྲང་། མ་བགྲང་ན་མ་བགྲང་། ཁ་ཏོན་དེ་ཚོ་འདོན་ན་འདོན། མ་འདོན་ན་མ་འདོན། གནད་འགག་ཆེ་ཤོས་དེ་ནི་ཤཀྱ་ཐུབ་པ་ལ་དགའ་དགོས་ཀྱི་ཡོད་རེད། དད་པ་ཟེར་མཁན་དེ་ཅི་ཤེས་ཀྱི་ཡོད་མེད་མི་ཤེས། ང་ཡང་དད་པ་བྱེད་ཀྱི་ཡོད་ཡིན་ནམ། མེད་ཡིན་ཅི་ཧ་གོ་མི་འདུག ནང་པ་ལ་ཡིན་གཅིག་མིན་གཉིས་ཆགས་དགོས་ཡ་ཡོད་མ་རེད། ཤཀྱ་ཐུབ་པ་ལ་དགའ་དགོས་རེད། དེ་ཡང་ཡིན་གཅིག་མིན་གཉིས་ཤཀྱ་ཐུབ་པ་ལ་དགའ་བའི་ཆོ་ག་ཟེར་བ་དེ་འདྲ་ཡོད་མ་རེད། ཤཀྱ་ཐུབ་པ་ལ་དགའ་དུས་ཤཀྱ་ཐུབ་པའི་མགོ་ནས་རྐང་པའི་བར་དུ་ཆ་ཚང་དེ་འདྲ་བསམ་མནོ་འདོན་དགོས་ཡ་ཡོད་མ་རེད། ཁོང་མི་དཔེ་མི་སྲིད་ཡག་པོ་ཞིག་ཡིན་ས་རེད་བསམ་དེ་འདྲ་བསམ་མནོ་འདོན་དགོས་རེད། ཁོང་གིས་བཤད་བཞག་རྒྱུ་དེ་ཚོ་ལ་དངོས་གནས་གོ་རྒྱུ་འདུག་གདའ་ཞེས་དེ་འདྲ་བསམ་ན་འགྲིག་གི་ཡོད་རེད། དེ་ནས་ང་ལ་སྐད་ཆ་འདྲ་མི་འདྲ་མང་པོ་འདྲི་ཡི་འདུག གཟུགས་པོ་ལ་སངས་རྒྱས་དང་བྱང་སེམས་ཀྱི་རི་མོ་བྲིས་ན་དམྱལ་བ་ལ་འགྲོ་རེད་ཟེར་གྱི་འདུག འགྲོ་རེད་དམ་མ་རེད་ཟེར་ང་ལ་སྐད་ཆ་འདྲི་མཁན་མང་པོ་འདུག ངས་བསམ་ན་ཤཀྱ་ཐུབ་པ་ལ་དགའ་བའི་སྒོ་ནས་དབུ་ཞིག་ལག་པ་ལ་བྲིས་བཞག་ན་དཔེ་ཡག་པོ་རེད། མི་སྐྱ་ཚོ་ལ་བཤད་ཀྱི་ཡོད། དགེ་འདུན་པ་ལ་འདོན་རྒྱུ་བཅའ་རྒྱུ་སོགས་ལས་ཀ་མང་པོ་ཡོད་རེད། ཤཀྱ་ཐུབ་པའི་སྐུ་པར་དེ་ཚོ་ཡར་བཤམས། ག་ས་གང་ལ་སྦྱར་ན་དཔེ་ཡག་པོ་རེད། མཆོད་པ་མེ་ཏོག་དང་། སྤོས་འདྲ་དེ་ཚོ་ཕུལ་ཐུབ་ན་འགྲིག་གི་རེད་བ། དེ་མ་ཐུབ་ནའང་ང་མི་དེ་ལ་དགའ་བོ་ཡོད་བསམ་ནས་ཤཀྱ་ཐུབ་པའི་སྐུ་པར་དེ་ཚོ་ཁང་པའི་ནང་དེ་ཚོ་ལ་སྦྱར་རྒྱུ་དེ་ཚོ་བྱས་ན་དཔེ་ཡག་པོ་རེད། དེ་ལ་འཁྲུལ་བ་རྩ་ནས་ཡོད་མ་རེད། ངས་ཐག་གཅོད་ཆོག ཤཀྱ་ཐུབ་པ་ལ་དགའ་བ་དེའང་། སྔ་དྲོ་ཚར་གཅིག་དགའ། ཉིན་གུང་ཚར་གཅིག་དགའ། དགོང་དུས་ཚར་གཅིག་དགའ དེ་འདྲ་བྱས་ན་ཆོག་གི་ཡོད་རེད། ཡང་ན་བདུན་ཕྲག་རེ་རེ་ལ་ཚར་རེ་རེ་ཙམ་དགའ་བ་དེ་འདྲ་བྱས་ན་ཡག་པོ་རེད། དེ་ཡང་རང་རང་སོ་སོའི་ཉལ་སའི་ནང་ནས་དགའ། མཆོད་གཤོམས་དེ་ཚོ་ཡོད་ས་ནས་དགའ། སྐྱག་པ་དང་གཅིན་པ་གཏོང་ཚེ་དགའ་བསྡད་ནའང་འགྲིག་གི་ཡོད་རེད། དེས་ན་ཁ་ཏོན་འདོན་ནའང་འདོན། མ་འདོན་ན་མ་འདོན། མཚམས་ལ་བསྡད་ནའང་བསྡད་མ་བསྡད་ནའང་མ་བསྡད། ཤཀྱ་ཐུབ་པ་ལ་དགའ་བ་རྒྱུ་དེ་གནད་འགག་ཆེན་པོ་ཞེ་དྲག་རེད།

དེ་ནི་ཁྱེད་རང་ཚོ་མི་སྐྱ་མང་པོ་སླེབས་བསྡད་འདུག ལོ་ཆུང་ཆུང་མང་པོ་འདུག གང་ལྟར་ནང་པ་སངས་རྒྱས་པའི་ཆོས་དེ་མི་ཉམས་པར་གོང་ནས་གོང་དུ་འཕེལ་དགོས་ཀྱི་ཡོད་རེད། ནང་པ་ཡི་ཆོས་དེ་བཤད་པ་དང་སྒྲུབ་པ་བྱེད་དགོས་ཀྱི་ཡོད་རེད། དེ་འདྲ་བྱེད་ནས་ནང་པ་ཡི་བསྟན་པ་དེ་བདག་པོ་རྒྱག་དགོས་ཀྱི་ཡོད་རེད། དེ་ནི་ཡིན་ཡིན་པ་རེད། བཤད་མ་དགོས་པ་རེད། དེ་ནི་ཁྱེད་རང་ཚོ་མི་སྐྱ་ཚོ་ཡིས་བུ་བརྒྱུད་སྤེལ་རོགས་གྱིས། ཕྲུག་གུ་བཟོ་རོགས་གྱིས། ཕྲུག་གུ་དཔེ་མང་པོ་བཟོ་ཐུབ་ན་གཟོ་རོགས་གྱིས། ཁྱེད་རང་ཚོས་བདག་པོ་རྒྱག་མ་ཐུབ་ན་ངའི་ས་ལ་གཏོང་ཡོང་ན་འགྲིགས། བུ་ཡིན་ནའང་འགྲིགས། བུ་མོ་ཡིན་ནའང་འགྲིགས། མ་ནིང་ཡིནའང་འགྲིགས། དེ་དངོས་གནས་ཡིན་གདའ། ནང་པ་མི་འབོར་ཞེ་དྲག་གིས་ཉུང་དུ་འགྲོ་ཡི་ཡོད་རེད། དེས་ན་མི་འབོར་མང་པོ་སྤེལ་རོགས་གྱིས།འོ་ད་དེ་ཡིན”།

སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ཉེ་ཆར་རྡོ་རྗེ་གདན་དུ་རྫོང་སར་སྨོན་ལམ་ཚོགས་པའི་སྐབས་སུ་སྦྱིན་བདག་རྣམས་ཀྱི་རེ་འདུན་ལྟར་དྲི་མེད་གྲགས་པའི་མདོའི་བཀའ་ཆོས་སྩོལ་བའི་མཇུག་ཏུ་གཙོ་བོ་མི་སྐྱ་རྣམས་ལ་བཀའ་སློབ་སྐད་ཆ་གཉིས་གསུངས་པ་ལ་དགའ་མོས་བྱེད་མཁན་གྱི་དད་ལྡན་སྐྱ་སེར་མང་པོ་ཞིག་ཡོད་པ་མཐོང་ནས་གཟུགས་མཐོང་གློག་བརྙན་ལ་ཞིབ་ཉན་བྱེད་ཞོར་སྒྲ་ཕབ་བགྱིས་ཏེ་འདིར་བཀོད་ཡོད། གཟི་བརྗིད་མཐའ་ཡས་ཀྱིས། ༢༠༡༨།༡༡།༢༡ ལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*