བླ་མ་མཁྱེན་བརྩེ་ཚང་གི་འཁྲུངས་སྟོན་བསུ།

རྩོམ་པ་པོ།  རྣམ་ཤེས། 

རྒྱལ་བས་མ་གཟིགས་བོད་སྤྲུལ་ཁྲི་མ་འབུམ།།
ཐོད་བརྒལ་གསེར་ཁྲི་བཀོད་པའི་ཚོམས་བུ་ལས།།
དམ་པ་དམ་མིན་ཞེས་བྱ་ཅི་རིགས་མོད།།
ཁྱོད་ཉིད་དམ་པར་བདག་བློ་ཤིང་རྟར་དྲངས།།

འཛམ་བུའི་ཆོས་ཚུལ་ཇི་སྙེད་མཁྱེན་རྩལ་རྒྱས།།
འགྲོ་མིར་བདེ་དགའ་བསྐྲུན་པའི་ཆོས་ལུགས་དག།
གཅིག་ཏུ་མ་འཛེངས་འདི་དང་དེ་ལ་སོགས།།
ཆོས་དང་ཆོས་མིན་རྣམ་འབྱེད་སྐྱེས་སྦྱངས་མཆོག།

ཐུབ་བསྟན་ཕྱོགས་འཛིན་འཁྲེཌ་ལྟ་བོད་ཡུལ་གང་།།
ལ་ལ་དྲན་འཕྲུལ་རིས་མེད་བསྟན་བདག་འཆོས།།
ཁྱོད་ལ་སྤྲེལ་ལད་དགའ་འཛུལ་མ་བཅོས་པར།།
རྒྱལ་ཆོས་ཀུན་ལ་སྙོམས་པའི་ཤེས་དད་འཁྲུངས།།

བསྟན་ལ་ལྷག་བསམ་རློམ་པར་སུམ་མདོར་ཁེངས།།
དོན་དམ་རང་ལུཌ་ཕྱོཌ་འཛིན་སྒྲོག་གིས་འཆིངས།།
མཁན་པོ་དགེ་བཤེས་མིང་ཆེན་གང་ཇི་སྙེད།།
ཁྱོད་ཀྱི་མདུན་ན་འདོན་དུ་ཧད་དེ་གྱུར།།
རྟོག་གེ་ཚིག་ལ་འཐམས་པའི་གྲྭ་བཙུན་ཁྲོད།།

རྒྱུ་མཚན་གནད་ལ་འབུག་མཁན་རིག་སྨྲ་ཁྱོད།།
གྲུབ་མིན་རྟོགས་ལྡན་དྲེགས་པ་གླང་ཆེན་གྱིས།།
ཕྱོགས་ཙམ་དོ་ཟླ་མི་ཡོང་སྒོམ་ཆེན་ཁྱོད།།
མཚན་ཉིད་རིག་པའི་ཐུགས་ཀ་མ་ཚིམས་ལ།།

ཚན་སྨྲ་བཅལ་གྱི་རྗེས་སུ་མི་འབྲང་ཞིང་།།
གནའ་དེང་དངོས་ཡོད་ཚུལ་ལ་བློ་གྲོས་རྒྱས།།
ལམ་ལུགས་ཐུབ་བསྟན་སྙིང་པོ་མི་འཛིན་ལ།།
ནང་བསྟན་ལྟ་སྒོམ་འཁྲུལ་མེད་ཐུཌ་རྒྱུད་བལྟམས།།

ལོ་རེར་ཟླ་དྲུག་རྟོགས་སྒོམ་མཚམས་ལ་བཞུགས།།
ཕྱི་བ་ཁོང་དུ་འཛུལ་བའི་སྨུགས་སྒོམ་རྣམས།།
ཐར་པའི་གྲོང་ལས་བསྲེངས་བ་ཞལ་ནས་གདམས།།
དེང་སྐབས་གྲུབ་ཐོབ་བཞུགས་ན་ཁྱོད་ཉིད་ཙམ།།

འདུལ་བ་གཙུག་ཏུ་བཀུར་བའི་སྡོམ་བརྩོན་འགས།།
བསྟན་དགྲ་འདུལ་གཤིག་ལ་སོཌ་མིང་ངན་ཚོགས།།
དངོས་ཤུགས་གང་ནས་འཕེན་རུང་ཁྱོད་ཀྱི་མཚན།།
ཉིན་ནས་ལོ་རེར་མཐའ་གྲུར་ཁྱབ་པ་གྱུར།།

མངོན་ལྐོག་བྱི་ཚང་བཅའ་བའི་འདུས་སྡེ་ཁྲོད།།
ངན་སྐུང་བཟང་སྟོན་མི་ཤེས་གཤིས་དྲང་ཁྱོད།།
ཐུབ་བསྟན་འཛིན་ལ་མིག་རྒྱན་གཅིག་པུ་སེམས།།
ལྷ་ཁང་འདུ་ཁང་སྐུ་གཟུགས་བཞེངས་བསྐྲུན་མེད།།

ཆུང་མ་བུ་འཁོར་གསོ་བའི་འབྱོར་ལྡན་ཏེ།།
བླ་བྲང་དགུང་དང་མཉམ་པ་གདོན་སྤྲུལ་མིན།།
འོན་ཀྱང་ཐོས་གྲྭ་སྒོམ་གྲྭ་བསྒྱུར་གྲྭ་སོགས།།
ཆོས་མཛོད་རིག་མཛོད་གསོ་བའི་ཕ་མ་ལགས།།

བརྒྱད་ཁྲི་བཞི་སྟོང་རྒྱལ་བསྟན་འཛིན་སྐྱོང་སྤེལ།།
མི་གཅིག་མིང་གཅིག་རྫོང་སར་མཁྱེན་བརྩེ་ཚང་།།
གཞན་དྲིང་མི་འཇོག་དམ་པ་ཁྱོད་ཉིད་ཀྱིས།།
ཧི་མ་ལ་སོགས་ཤར་ནུབ་དྲུག་ཏུ་གཡོས།།

མཁྱེན་རྩལ་འདབ་གཤོག་འཕྲུལ་གྱིས་ཕོར་པ་དང་།།
ཆང་ཧུར་ཐེངས་གཅིག་ཝ་ར་བྱིན་རླབས་ཞེས།།
ཟློས་གར་རིག་པ་འཁྲབ་སྟོན་འཛམ་གླིང་གཤམས།།
ཡང་དག་ལྟ་བ་ཐེབ་བའི་སྨྱུག་རྩལ་ལས།།

ལེགས་རྩོམ་སྒོར་མོས་མི་རིན་བམ་བརྩེགས་པས།།
མི་སེམས་ཀུན་ཏུ་བསྒུལ་བའི་ངག་དབང་ཁྱོད།།
རྒྱལ་བ་དགྱེས་པའི་ལམ་བཟང་སྲོག་ལས་གཅེས།།
མ་བཅོས་རང་བཞིན་བསམ་སྦྱོར་རྣམ་དག་གིས།།

ཇི་ཙམ་བཟོད་པའི་ཐབས་ཆེན་ཆོས་སྟོན་ཞིང་།།
དེང་དུས་འགྲོ་བའི་སྨན་གཅིག་ཁྱོད་མཚུངས་དག།
སྐུ་སྲོག་མི་འགྱུར་རིང་དུ་བརྟན་པར་སྨོན།།

བླ་མ་དམ་པ་གང་གི་སྐུ་དྲིན་ཆ་ཙམ་རྗེས་སུ་དྲན་པས་ཤར་མར་བྲིས་པ་དགེའོ།

༢༠༡༨/6/18 རྣམ་ཤེས་ནས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*