སྐུ་ཚེ་སྡེ་བའི་དབྱར་སྐྱིད་ཀྱི་ངོ་སྤྲོད།

གནའ་བོའི་སྐུ་ཚེ་སྡེ་བ་ནི་སྡེ་དགེ་ཆོས་རྒྱལ་ཆེན་པོའི་མངའ་འོག་ཏུ་རྫོང་ཆེན་བཅོ་བརྒྱད་ཡོད་པ་ལས་རྫོང་ཆེ་ཤོས་ཤིག་ཡིན་ཞིང་དེའང་སྐུ་ཚེ་རྒྱལ་མོ་ཚོ་དྲུག་མེ་དུད་སྟོང་དང་ལྔ་བརྒྱ་ཞེས་འབོད།        ད་ལྟའི་སྐུ་ཚེ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གནས་པའི་འཇོ་མདའ་རྫོང་པོ་ལོ་ཤང་དང་། ཉག་ཤིས་ཤང་། ཐང་ཕུག་ཤང་སོགས་ཤང་ཁག་གསུམ་དུ་ཐོར་ནས་གྲམ་ཡོད། (སྡེ་དགེ་བྲོ་ཆེན།)

སྐུ་ཚེ་སྡེ་བའི་དབྱར་སྐྱིད་ཀྱི་ངོ་སྤྲོད།   གནའ་བོའི་སྐུ་ཚེ་སྡེ་བ་ནི་སྡེ་དགེ་ཆོས་རྒྱལ་ཆེན་པོའི་མངའ་འོག་ཏུ་རྫོང་ཆེན་བཅོ་བརྒྱད་ཡོད་པ་ལས་རྫོང་ཆེ་ཤོས་ཤིག་ཡིན་ཞིང་དེའང་སྐུ་ཚེ་རྒྱལ་མོ་ཚོ་དྲུག་མེ་དུད་སྟོང་དང་ལྔ་བརྒྱ་ཞེས་འབོད། 

       ད་ལྟའི་སྐུ་ཚེ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གནས་པའི་འཇོ་མདའ་རྫོང་པོ་ལོ་ཤང་དང་། ཉག་ཤིས་ཤང་། ཐང་ཕུག་ཤང་སོགས་ཤང་ཁག་གསུམ་དུ་ཐོར་ནས་གྲམ་ཡོད། 

       གནས་འདིར་རིག་གནས་འཕེལ་འགྲིབ་ཀྱི་དུས་རིམ་ཆེན་པོ་བརྒྱད་བྱུང་ཡོད་པ་སྟེ།

༡  གཡུང་དྲུང་བོན་གྱི་རིག་གནས།  མི་ལོ་༡༢༠༠ལྷག་གི་ཡར་སྔོན་དུ་གཡུང་དྲུང་བོན་གྱི་རིག་གནས་དར་ཁྱབ་བྱུང་ཡོད་པ་ནི་གནས་རྫས་རྙིང་པ་རྡོ་བརྐོས་མ་ཎི་སོགས་ལས་ཤེས་ཐུབ།

༢  སྲོང་བཙན་སྐབས་ཀྱི་རིག་གནས།  དུས་རབས་བདུན་པའི་ནང་དུ་ལྷ་གདན་གཙུག་ལག་ཁང་གི་ས་འདུལ་གྱི་ཆེད་དུ་སྐུ་ཚེའི་འཕགས་ལམ་ཐང་དུ་ལྷ་ཁང་དང་མཆོད་རྟེན་ཆུང་ངུ་ཞིག་བཞེངས་པ་ནས་ལུང་པ་འདིར་ནང་བསྟན་རིག་གནས་དར་བའི་འགོ་ཚུགས།

༣  ཁྲི་སྲོང་སྐབས་ཀྱི་རིག་གནས།    དུས་རབས་བརྒྱད་པའི་ནང་ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ནས་སླར་དབུས་གཙང་དུ་ལོག་སྐབས་གནས་འདིར་ཕེབས་ཅིང་སྤང་མི་ཕམ་མགོན་པོའི་ཁྱིམ་ཚང་སྐུ་ཚེ་དྲུང་ཉིན་ཚང་སར་ཞག་མལ་མཛད།   སྤང་མི་ཕམ་མགོན་པོར་གདམ་ངག་གནང་སྟེ་སྟན་ཐོག་དེ་ཉིད་དུ་ཟུང་འཇུག་གི་སྐུ་བརྙེས།    ཡར་ལམ་འཕགས་ལམ་མཆོད་རྟེན་མཇལ་ཁ་དང་རབ་གནས་ཀྱི་ཆེད་དུ་ཕེབས་པས་བྲིས་སྨྱུག་བཀལ་སའི་དྲེལ་འདྲོགས་ཏེ་བྲིས་སྨྱུག་ཚང་མ་གནས་འདིར་འཐོར་བས་པར་བྲིས་བརྐོས་གསུམ་གྱི་ལག་རྩལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་རང་འགྲིག་གྱུར།

༤ ཆོས་རྒྱལ་འཕགས་པའི་དུས་སྐབས།    འགྲོ་མགོན་ཆོས་རྒྱལ་འཕགས་པ་གནས་འདིར་དངོས་སུ་ཕེབས་ཏེ་གསེར་ལྗོངས་དགོན་པ་ཕྱག་བཏབ་པ་ནས་ནང་བསྟན་རིག་གནས་དར་ཁྱབ་ཆེན་པོ་བྱུང་བ་མ་ཟད་མདོ་སྟོད་ཀྱི་སྟོང་དཔོན་ཆེ་གྲས་ཁག་གཅིག་གི་གོ་ཐོབ་ཀྱང་ཡུལ་འདིའི་མིས་བཟུང་བར་བཤད།   

༥  སྡེ་དགེ་ཆོས་རྒྱལ་ཆེན་པོའི་དུས་སྐབས།   ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐབས་སུ་གནས་འདིར་པར་བརྐོས་དང་བྲིས་གཟུགས་གསར་གཏོད་ཀྱི་ལག་རྩལ་གསར་པ་བྱུང་ཞིང་།   ཡུལ་འདིའི་མིས་གསར་གཏོད་བྱས་པའི་པར་བརྐོའི་ལག་རྩལ་ནི་ཁམས་སྡེ་དགེ་དང་། དཔལ་ཡུལ་དཔལ་སྤུངས། འཛམ་ཐང་སོགས་ཁམས་དང་ཨ་མདོའི་ས་ཆ་མང་དག་ཅིག་ལ་དར་ཁྱབ་བྱུང་བ་མ་ཟད་ད་ལྟ་ཁམས་བྲིས་སམ་སྐུ་བྲིས་ཞེས་གྲགས་པའི་བྲིས་གཟུགས་ཏེ།  སྡེ་དགེའི་བཀའ་བསྟན་འགྱུར་གྱི་པར་རྩ་རུ་བྲིས་པའི་དབུ་ཅན་དང་། ཁམས་ཁུལ་གྱི་དགོན་སྡེ་ཁག་ལ་དར་ཁྱབ་ཆེན་པོ་བྱུང་བའི་དབུ་མེད་ཀྱི་ཡིག་གཟུགས་སོགས་གནའ་དུས་རིག་གནས་དང་ལག་རྩལ་སྣ་མང་ཕུན་སུམ་ཚོགས་པ་ཞིག་བྱུང་བས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་སྔ་ཕྱིའི་དམ་པ་མང་པོས་སྐུ་ཚེ་རིག་པའི་འབྱུང་གནས་ཞེས་པའི་མཚན་སྙན་ཡང་གནང་བར་གྲགས། 

༦  ཉག་སྐེད་བུ་ལོང་མའི་སྐབས།   ཉག་དམག་གིས་དགོན་པ་མེ་བསྲེག་གཏོང་ཞིང་གཏོར་བརླག་ཆེ་ཙམ་བཟོས་ཀྱང་རིང་པོར་མ་འགོར་བར་སླར་གསོ་བྱུང་།   

༧  རིག་གསར་སྐབས།    བོད་ཁམས་སྤྱི་དང་འདྲ་བར་ཆོས་དང་རིག་གནས་ལ་ཉམ་ཆགས་ཚབས་ཆེན་ཤོར།   

༨  དེ་རྗེས་སྲིད་ཇུས་ཅུང་གུ་ཡངས་བྱུང་བར་བསྟུན་དགོན་སྡེ་སླར་གསོ་བྱུང་ཡང་།   སྲོལ་རྒྱུན་གྱི་རིག་གནས་མང་པོ་ཉམ་ཆགས་ཤོར་ཟིན།    

        ཐེངས་འདིའི་ཡུལ་དགོན་ལྷན་འཛོམས་ཀྱི་དམིགས་ཡུལ་གཙོ་བོ་ནི་སྐུ་ཚེའི་སྲོལ་རྒྱུན་རིག་གནས་ཀྱི་ཚེ་སྲོག་སླར་གསོ་དང་ཡུལ་སྡེའི་བར་གྱི་རྩྭ་སའི་འཁྲུག་རྩོད་སོགས་ཀྱི་དོན་དུ་བྱུང་དང་འབྱུང་མུས་ཀྱི་འཁོན་འཛིན་ཞི་བར་བྱས་ནས་ཡུལ་སྡེའི་བར་ལ་མཐུན་སྒྲིལ་དང་ལྷིང་འཇགས་ཡོང་ཆེད་ཡིན།

མི་ལོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ལྷན་འཛོམས་འདིར་དུས་ཡུན་ཉིན་དྲུག་ལ།   གཅིག་ནི།  ཉིན་གསུམ་གྱི་རིང་ལ་མ་ཎི་དུང་སྒྲུབ་ཚོགས་པ་དང་། གཉིས་ནི།   མགོན་པོ་ཚེ་དཔག་མེད་དང་།   འཕགས་པ་སྤྱན་རས་གཟིགས་ཀྱི་དབང་།   

  སྤྱན་རས་གཟིགས་ཀྱི་བདག་བསྐྱེད་ཀྱི་ལུང་།   ཉིན་ལྟར་ཆོས་འཆད་ཉན་དང་།   བདེ་འཇགས་དང་།   འཆམ་མཐུན་ཡོང་ཐབས་ཀྱི་སློབ་གསོ་གཏོང་བ།    གསུམ་ནི།    སོར་བྱང་སྔགས་གསུམ་གྱི་སྡོམ་པ་དང་དམ་ཚིག་རྣམ་པར་དག་ཅིང་།  

དགོན་པའི་སྒྲུབ་གྲྭའི་སྒྲིག་གཞི་ལྟར་བསྙེན་མཚམས་ཚད་ལྡན་ཞོག་ཟིན་པའི་བསླབ་པ་རྒན་གྲས་ཀྱི་དགེ་སློང་ཉེར་གཉིས་ལ་རྡོ་རྗེ་སློབ་དཔོན་གྱི་མཚན་གསོལ་བ་དང་།  བཞི་ནི།   ད་ལྟ་ཤུལ་དུ་ལུས་པའི་སྐུ་ཚེའི་རིག་གནས་སྡེ་ཚན་བཅོ་བརྒྱད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས་མ་འོངས་པར་རྒྱུད་འཛིན་བྱེད་སྟངས་བཅས་ཕལ་ཆེ་བ་རྩེད་མོ་དང་འཁྲབ་སྟོན་ངག་ཐོག་སློབ་གསོ་བཅས་ཀྱི་ཐོག་ནས་ངོ་སྤྲོད་བྱས་པ་བཅས་བྱ་བ་ཆེན་པོ་བཞི་དུས་གཅིག་ལ་ལེགས་གྲུབ་བྱུང་ཡོད། སྤྲོ་ཚོགས་ཀྱི་ཉིན་གསུམ་པར་འཛམ་གླིང་སྤྱི་བསང་ཆེན་མོ་ཁེལ་བས་བཤད་གྲྭའི་ཐང་ཆེན་དུ་གནའ་སྲོལ་ལྟར་རྟ་བཞོན་པའི་སྐྱེས་པ་ཚོས་ཀི་སྒྲ་དང་བཅས་བསང་སྐོར་བྱས་པ་བཅས་སོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*