བཀས་བཅད་དང་སྐད་གསར་བཅད་གླེང་བ།


རྩོམ་པ་པོ།  འདན་མའི་ལྷ་མདའ།

བཀས་བཅད་དམ་སྐད་གསར་བཅད་གཉིས་ཀ་ཡང་སུམ་རྟགས་གཉིས་དང་འབྲེལ་བ་ཡོད་སྟབས་སུམ་རྟགས་གཉིས་ཐོག་མ་བྱུང་ཚུལ་དང་འབྲེལ་བཀས་བཅད་ཀྱི་སྐོར་ཞུ་རྒྱུ་ནི། བོད་ཀྱི་ལོ་རྒྱུས་ཁག་ཏུ་སློབ་དཔོན་ཐོན་མི་འཁྲུངས་འདས་ཀྱི་སྐོར་བཞེད་པ་མི་མཐུན་པ་དུ་མ་སྣང་བས་ཁ་ཚོན་བཅད་ནས་འཁྲུངས་འདས་ཀྱི་སྐོར་ཞུ་པ་དཀའ་ཡང་།ལོ་རྒྱུས་ཀྱི་ཡིག་རྙིང་ཁག་ལ་གཞི་བཅོལ་ནས་ཅུང་ཞུས་པའི་ཁུལ་ལ་འབད་ཀྱི་ཡིན།
ཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་སུམ་རྟགས་གཉིས་ཀྱི་རྩ་བའི་རྩོམ་པ་པོ་སློབ་དཔོན་ཐོན་མི་མཆོག་ནི་ སློབ་དཔོན་ཐོན་མི་སམ་བྷོ་ཊ་ནི་དུས་རབས་བདུན་པ་སྟེ་མི་ལོ་ཆིག་སྟོང་བཞི་བརྒྱའི་སྔ་རོལ་དུ་གདོང་དམར་བོད་ཀྱི་ཡུལ་ཁམས་ཡར་ཀླུང་གཙང་པོའི་ནུབ་རྒྱུད་དུ་ཆགས་པའི་ཡུལ་ཐོན་ལུག་ར་ཁ་ཞེས་པ་(ད་ལྟའི་སྙེ་མོ་རྫོང་གི་མངའ་ཁུངས་ཡིན)རུ་རིགས་མཐོ་བའི་བོན་གཤེན་ཡབ་ཐོན་པ་ཨ་ནུ་ར་ག་ཏ་ཞེས་བོན་པོའི་སྔགས་པ་ནུས་མཐུ་ཅན་དང་ཡུམ་ཨ་ཀླུ་ཞེས་པ་གཉིས་ཀྱིས་སྲས་སུ་སྤྱི་ལོ་༦༧༩ལོར་འཁྲུངས། ཞེས་བཤད་པ་དང་། ལོ་རྒྱུས་ཡོངས་གྲངས་ལ་ཕྱི་ལོ་༦༩༣ལོར་ཐོན་མི་དགུང་ལོ་བཅོ་ལྔའི་ཐོག་རྒྱ་གར་ལ་ཆས་པ་བཤད།
ཐོན་མིས་རྒྱ་གར་ནས་བྲམ་ཟེ་ལི་བྱིན་སོགས་ལ་བསྟེན་ནས་སྒྲ་པཱ་ཎི་པ་དང་།ཀ་ལཱ་པ།ཙཎྜ་པ་སོགས་སྦྱངས་པ་ལོ་བདུན་གྱི་བར་དུ་རྒྱ་གར་དུ་བཞུགས་པ་བཤད།
དེ་ནས་ཕྱིར་བོད་ཡུལ་ལ་ལོག་ནས་སུམ་རྟགས་གཉིས་བརྩམས་པར་གྲགས ཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱི་བཤད་པ་ལྟར་ན་སུམ་རྟགས་གཉིས་པོ་ཕྱི་ལོ་༧༠༠ ཡས་མས་ཞིག་ལ་རྩོམ་པར་ངེས་དེ་ནི་ཡོངས་གྲགས་ཀྱི་ལོ་རྒྱུས་དང་ཅུང་མཐུན་དཀའ། མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་གིིས་ཐོན་མའི་ཞལ་ལུང་ལས་ (སྤྱི་ལོ་༦༡༧)མེ་མོ་གླང་ལ་འཁྲུངས་པར་བཞེད་པ་གཙིག་པར་འདོད་པ་ལྟར་ན།སྲོང་བཙན་དགུང་ལོ་བཅུ་བདུན་དང་ཐོན་མི་དགུང་ལོ་བཅོ་ལྔ་བཞེས་པའི་ཐོག (༦༣༣)ཐོན་མི་རྒྱ་གར་དུ་ཆས་པར་བཤད།ཅེས་སོགས་དང་།ཡང་ཐོན་མི་རྒྱ་གར་དུ་ལོ་ག་ཙམ་བཞུགས་གསལ་བར་བཤད་པའི་སྔོན་གྱི་ཡིག་ཚང་མ་མཐོང་ཡང་།སྲོང་བཙན་དགུང་ལོ་ཉེར་གསུམ་བཞེས་ཐོག་རྒྱའི་ཡིག་ཚང་ལྟར་ན་བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུ་དུས་བློན་པོ་འགར་གྱི་རོགས་སུ་ཐོན་མི་ཡོད་ངེས་པ་ཡིན་ལ།དེ་ལྟ་ན་བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་ལས་ཐོན་མི་རྒྱ་གར་དུ་ལོ་བདུན་བཞུགས་པར་བཤད་པ་དེ་ཡང་ཁུངས་དང་འབྲེལ་ལམ་སྙམ་མོ།  ཞེས་གསུང་པ་ལྟར་ན།  ཕྱི་ལོ་༧༤༠གཡས་གཡོན་ཞིག་ལ་ཐོན་མི་རྒྱ་གར་ནས་ཕྱིར་བོད་ལ་ཕེབས་པ་ཡིན། ཕྱི་ལོ ༧༤༠ གཡས་གཡོན་སུམ་རྟགས་གཉིས་བརྩམས་ཡོད་པའི་དབང་དུ་བཏང་ན་སུམ་རྟགས་གཉིས་བརྩམས་པའི་དུས་དང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གཉིས་སྐུ་འཁྲུངས་པ་གཉིས་ཧ་ལམ་དུས་མཉམ་དུ་ཁེལ་ཡོད།ཁོ་བས་དཔྱད་པ་མང་པོ་བྱས་པའི་རྒྱུད་སུམ་རྟགས་བརྩམས་པའི་དུས་ནི་ཕྱི་ལོ་༧༤༠གཡས་གཡོན་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ཐག་བཅད་ལྟ་བུ་ནི་མིན་དཔྱད་ལྡན་པ་རྣམས་ཀྱིས་ད་དུང་ཞིབ་ཅིང་ཕྲ་བ་བརྟགས་ཤིང་དཔྱད་པར་འཚལ།

ད་ནི་བཀས་བཅད་ཀྱི་སྐོར་དངོས་ལ་འཇུག་ན།
བཀས་བཅད་དང་པོ་ནི།  བཀས་བཅད་བྱུང་བ་དེ་ཡང་སུམ་རྟགས་གཉིས་ཀྱི་ཚིག་སྦྱོར་དང་རྣམ་དབྱེ་སོགས་མ་མཐུན་པ་རྣམས་མཐུན་པ་བྱེད་པ་དེ་ཡིན་པས།སུམ་རྟགས་གཉིས་བརྩམས་ནས་གཞུང་དམངས་སྒེར་སོགས་ཀྱི་སྐད་ཀྱི་འགྱུར་བ་དང་མིང་གི་འགྱུར་བ་སོང་བ་དེ་དག་སུམ་རྟགས་ཀྱི་སྒྲ་གཞུང་མཐུན་ཐབས་བཟོས་པ་ཞིག་ཡིན།དེས་ན་བཀས་བཅད་དང་པོ་སུམ་རྟགས་གཉིས་བརྩམས་ནས་ལོ་སུམ་ཅུ་གཡས་གཡོན་ཞིག་ལ་བྱས་སྙམ།
སྐྱོགས་སྟོན་ལོ་ཙཱ་བས་མཛད་པའི་བོོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་ལས་ བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་རྣམ་འགྱུར་རྣམས་ནི།དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ།སངས་རྒྱས་ཕལ་པོ་ཆེ་དང་།ལུང་སྡེ་བཞི་དང་།མདོ་སྡེ་ཁ་ཅིག་དང་ཤེར་ཕྱིན་གྱི་མདོ་ཁ་ཅིག་སྟེ།སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་རྣམས་སོ།ཞེས་གསལ་བ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བཀས་བཅད་བྱས་པ་གསལ།ཁྲི་སྲོང་ལྡེ་བཙུན་གྱིས་སྲིད་སྐྱོང་ལོ་ནི།༧༥༥ ༧༩༨བར་དུ་བསྐྱངས།བཀས་བཅད་དང་པོའི་དུས(ཤིང་འབྲུག 764 མེ་འབྲུག 776 ས་འབྲུག788)གང་རུང་ཡིན། བཀས་བཅད་དང་པོའི་སྐབས་ནི།སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙརྱ་བོ་དྷི་ས་ཏྭ་དང་།ཡེ་ཤེས་དབང་པོ་དང་།ཞང་རྒྱལ་ཉེན་ཉ་བཟང་དང་།བློ་ཁྲི་བཞེར་སང་ཤི་དང་།ལོ་ཙྪ་བ་ཛྙ་ན་དེ་བ་ཀོ་ཥ་དང་།ཅེ་ཁྱི་འབྲུག་དང་།བྲམ་ཟེ་ཨཱ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་།བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ།མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས།སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་མནན་ནས་ཐེག་པ་ཆེ་ཆུང་ལས་ཇི་ལྟར་འབྱུང་བ་དང་།གནའི་མཁན་པོ་ཆེན་པོ་ནཱ་ག་རྫུ་ན་དང་།བ་སུ་བནྟཱུ་ལ་སོགས་པས་ཇི་ལྟར་བཤད་པ་དང་།བྱཱ་ཀ་ར་ཎའི་ལུགས་ཇི་ལྟར་འདྲེན་པ་དང་ཡང་བསྟུན་ཏེ་མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེགཞུང་དུ་བྲིས་ཞེས་གསལ་བ་ལྟར།  ཡང་དེ་ཉིད་ལས།  དེ་ལ་ནི།གང་ལ་གག་དང་།ཅི་ཕྱིར་ལ་ཇི་རོབ་དང་།ཇི་སྙམ་ལ་ཇི་ལྟར་དང་།རྩེ་མོ་ལ་སྤྱི་བོ་དང་།ཤིན་ཏུའམ་རབ་ཏུ་ལ་ཏེ་པོར་དང་།ཞེས་དང་།རྫོགས་སོ་ལ་རྫོགས་སྷོ།གཡོགས་པ་ལ་ཡོགས་པ་སོགས་དེ་དག་བསྒྱུར་ཚུལ་ནི།རྒྱལ་མོ་འབྲུག་པ་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ཞེས་པ་ལས འདིའི་སྐོར་<<བསྟན་འགྱུར་>>ཁྲོད་ཀྱི་<<སྒྲ་སྦྱོར་བམ་གཉིས>>བྱ་བའི་ནང་དུའང་གསལ་པོར་བཀོད་ཡོད་ལ།གཙོ་བོ་ནི་བརྡ་སྤྲོད་ལུགས་སྒྲ་གཞུང་དང་མཐུན་དགོས་པ་དང་།ཆོས་གཞུང་ལས་བྱུང་བའི་བརྗོད་བྱའི་དོན་དང་འགལ་མི་རུང་བ་དང་།བོད་མི་རང་གིས་གོ་བདེ་བ་ཞིག་ཡིན་དགོས་པ་སྟེ་སྒྱུར་ལུགས་ཀྱི་རྩ་དོན་ཆེན་པོ་གསུམ་དང་།དེ་མིན་སྒྲ་བསྒྱུར་དང་དོན་བསྒྱུར་ཐད་བསྒྱུར་ཐད་ལོག་བསྒྱུར་ཏེ་སྒྱུར་བའི་ཐབས་དམ་པ་བཞི་དང་།གཞན་ཡང་སྐབས་དང་འགྱུར་ནས་སུ་ཡིད་འཇོག་བརྩི་སྲུང་བྱེད་དགོས་པའི་དོན་ཚན་དུ་མ་དང་བཅས་གཏན་ལ་ཕབ་སྟེ།དཀར་ཆག་ཏུ་སམ་བོད་ཤན་སྦྱར་གྱིས་འགྲེལ་བཤད་དང་སྦྲགས་ཚིག་མཛོད་ལྟ་བུའི་སྒོ་ནས་བསྒྲིགས་ཏེ་བཙན་པོའི་བཀས་ཐག་ནས་གཏན་འཁེལ་བྱས་པ་ཡིན།ཞེས་གསུངས་པ་ལྟར་བཅོས་པ་མཛད་དོ།།

 

 

བཀས་བཅད་གཉིས་པའི་སྐོར།  བཀས་བཅད་གཉིས་པ་བྱུང་བའི་དུས་ནི། སྒྲ་སྦྱོར་བམ་གཉིས་ལས་ རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཕོ་བྲང་སྐྱིའི་འོན་ཅང་དོ་ན་བཞུགས།སྟོད་སྨད་ཀྱི་དམག་གསར་རྙིང་དང་།ཀུན་ཆེན་བཏུས།གར་ལོག་གི་ཕོ་ཉས་ཕྱག་བཙལ།བློན་ཆེན་པོ་ཞང་ཁྲི་གཟུང་རམ་ཤགས་དང་།བློན་མང་རྗེ་ལྷ་ལོད་ལ་སོགས་པས་རྒྱ་ལས་མནངས་མང་པོ་བཅད་དེ།རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་དུ་ཕུལ་ནས།ཞང་བློན་མན་ཆད་སོ་སོར་བྱ་དགའ་སྩལ་བའི་ལན་ལ།གཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་དང་།སུརེནྡྲ་བོ་དྷི་དང་།ཤཱི་ལནྡྲེ་བོ་དྷི་དང་།དཱ་ན་ཤཱི་ལ་དང་།བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་།དྷརྨྨ་ཏཱ་ཤཱི་ལ་དང་།ལོཙྪ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང་།ཛ་ཡ་རཀྵི་ཏ་དང་།མཉྫུ་ཝརྨ་དང་།རནྡྲེ་ཤཱི་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ།ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་དུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་བ་ཞེས་དང་། སྐྱོགས་སྟོན་ལོ་ཙཱ་བས་མཛད་པའི་བོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་ལས་ཀྱང་ བཀས་བཅད་གཉིས་པོ་དེ་ནི་མངའ་བདག་ཁྲི་རལ་པ་ཅན་ཡན་ཆད་དུ་སྐ་ཅོག་ཞང་གསུམ་ལ་སོགས་པས་མཛད་པ་ཡིན་ནོ།ཞེས་གསུངས་པ་ལྟར་ན།མངའ་བདག་ཁྲི་རལ་བ་ཅན་གྱི་དུས་སུ་བཀས་བཅད་བྱས་པ་གསུངས།མངའ་བདག་ཁྲི་རལ་བའི་ཁྲི་ལོ་ནི་༨༡༥ ༨༣༦ ནང་དུ་ས་ཁྱི༨༡༨ ལྕགས་ཁྱི ༨༣༠ ངས་གོང་དུ་བཤད་པ་ལྟར་ཕྱི་ལོ་༧༤༠ལོའི་གཡས་གཡོན་ལ་སུམ་རྟགས་གཉིས་བརྩམས་ཡོད་པའི་དབང་དུ་བཏང་ན།   སུམ་རྟགས་གཉིས་བརྩམས་ནས་ལོ་བདུན་ཅུའི་གཡས་གཡོན་ཞིག་ལ་བཀས་བཅད་གཉིས་པ་དེ་བྱུང་བར་སྣང་།འོ་ན་བཀས་བཅད་གཉིས་པའི་སྐབས་བརྡ་ཆད་སོགས་གང་དང་གང་གཏན་ལ་ཕབ་ཡོད་ཅེ་ན། དེ་ཡང་འགོས་པདྨ་རྒྱལ་མཚན་གྱིས་བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་ལས དེ་ནས་ཆོས་ཀྱི་རྒྱལ་པོ་མངའ་བདག་ཁྲི་རལ་གྱིས་བོད་དུ་སྔོན་བསྒྱུར་བའི་ཆོས་རྣམས་ལ་དག་ཐེར་དང་།བོད་ཀྱི་བརྡ་རྙིང་པ་འདོན་དཀའ་ཞིང་དོན་གོ་དཀའ་བ་རྣམས་ལོ་ཙཱ་བ་མཁས་པ་རྣམས་དང་བཀའ་བགྲོས་ཏེ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ།ཕྱིན་ཆད་གང་བྱུང་བསྒྱུར་མི་ཆོག་པ་དང་།ཆོས་ཁུངས་ལྡན་དུ་བསྒྱུར་བ་རྣམས་ལ་དབུར་རྒྱ་བོད་སྐད་གཉིས་ཤན་སྦྱར་བྱེད་པ་དང་།བཀའ་དང་བསྟན་འགྱུར་གང་བསྒྱུར་ཡང་བརྗོད་བྱའི་འགྲོས་དང་མཐུན་པའི་འགྱུར་ཕྱག་བྱེད་ཚུལ་གཞུང་ཚད་ལ་སྒྲོ་སྐུར་སྤང་པའི་ཕྱིར་བམ་གྲངས་དང་།གཤམ་དུ་ལོ་པཎ་གྱི་འགྱུར་བྱང་དང་ཞུས་རྒྱ་དང་།ཆོས་གསར་དུ་བསྒྱུར་བ་རྣམས་རྒྱལ་པོ་རང་གི་སྤྱན་ལམ་དུ་ཕབ་སྟེ་ཐེབ་རྒྱ་དང་བཅས་བཀས་བཅད་དམ་པོར་མཛད་པ་དེ་ལ་བཀས་བཅད་གཉིས་པ་ཞེས་ཡོངས་སུ་གྲགས་ཞེས་གསུངས་པ་འཐད་ལྡན་དུ་མཐོང་།དེའི་ཚེ་སྐད་གསར་བཅད་དེ་དང་མཐུན་པའི་བསྟན་བཅོས་ལེགས་སྦྱར་ནས་བོད་སྐད་ཐོག་ཆོས་ཚིག་གཏན་འབེབས་བྱེད་ཚུལ་བྱེ་བྲག་རྟོགས་ཆེ་འབྲིང་ཆུང་གསུམ་མཛད་པར་གྲགས དེ་ཡང་འབྲིང་བ་ལ་སྒྲ་སྦྱོར་བམ་གཉིས་ཟེར། དེ་དག་གི་སྐོར་ཞིབ་ཏུ་ཤེས་འདོད་ན་གཞུང་དེ་དག་ལས་ཤེས་པར་འཚལ། སྐད་གསར་བཅད་གསུམ་པའི་སྐོར།  སྐྱོགས་སྟོན་ལོ་ཙཱ་བས་མཛད་པའི་བོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་ལས བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཅེན་བཟང་པོ་ནས་དཔང་ལོ་ཙཱ་བ་ཆེན་པོ་དང་སྙིགས་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཡིན་ལ་ཞེས་གསུངས་པ་ལྟར་ན།ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས་འདས་ཀྱི་སྐོར་མཁས་པ་རྣམས་ཀྱིས་བཞེད་པ་མི་མཐུན་ན་ཡང་།  བསྟན་འཛིན་ཚེ་རིང་གིས་བྲིས་པའི་ལོ་ཙཱ་བ་རིན་ཆེན་བཟང་པོའི་མཛད་རྗེས་རགས་ཙམ་གླེང་བ་ཞེས་པ་ལས དེ་བས་ལོ་ཆེན་གྱི་འཁྲུངས་ལོ་ཐད་ལ་སྤྱི་ལོ་༩༥༨ལོར་གཞིར་བཟུང་ན་འགྲིག་པར་བསམ།  སྤྱི་ལོ་༡༠༥༥ལོར་ཁ་ཙེ་རེ་ཝིང་གོ་རུ་ལོ་ཙཱ་བ་རིན་ཆེན་བཟང་པོ་འདས་པའི་བཞེད་ཚུལ་འདི་མཁས་པ་ཀུན་གྱི་བཞེད་པ་དང་མཐུན་སྙམ་མོ་ཞེས་བཤད་པ་ལྟར་ན།  བཀས་བཅད་གསུམ་པ་ནི།སུམ་རྟགས་གཉིས་བརྩམས་ནས་ལོ་ཉིས་བརྒྱ་སུམ་ཅུའི་གཡས་གཡོན་ཞིག་ལ་བཀས་བཅད་གསུམ་པ་དེ་བྱུང་བ་ཡིན་སྙམ།  སྐད་བཅད་གསུམ་པའི་སྐབས་ཀྱི་སྐད་གསར་བཅད་ཀྱི་དགོས་པ་གཙོ་བོ་ནི།
ཆོས་རྒྱལ་རྣམས་ཀྱི་དུས་སུ་སྐད་ཀྱི་གདངས་ལ་འགྱུར་བ་སོང་བ་དེ་དག་ལོ་ཆེན་རིན་ཆེན་བཟང་པོས་དེའི་ཚེ་དེའི་དུས་དང་འཚམས་པ་སྐད་གསར་པ་རུ་བཅོས་པ་ཡིན།
སྐད་གསར་པ་བཅོོས་ཚུལ་ཡང་སྐྱོགས་སྟོན་ལོ་ཙཱ་བས་བོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་ལས་ ལོ་ཆེན་གྱིས་ནི།གཉི་ཟླ་ལ་ཉི་ཟླ་དང་།བསྟན་བཅོས་ལ་བསྟན་ཆོས།སྟུག་པོ་ལ་འཐུག་པོ་དང་།ཉི་ཤུ་དང་སུམ་ཅུ་དང་སུམ་བརྒྱ་རྣམས་ལ།གཉིས་བཅུ་དང་གསུམ་བཅུ་དང་གསུམ་བརྒྱ་དང་།བསམ་གཏན་ལ་བསམ་བཏན་སོགས་སྐད་ཀྱི་གདངས་ལ་བསྒྱུར་བཅོས་ཆེན་པོ་བྱས་ཡོད།  སྐད་གསར་བཅད་དང་བཀས་བཅད་ཀྱི་སྐོར།  ལོ་རྒྱུས་ཁ་ཤས་ཀྱི་ནང་དུ་བཀས་བཅད་དང་སྐད་གསར་བཅད་གཉིས་འབྱུང་གི་འདུག་པས་དེ་དག་ཁྱད་པར་ཤེས་དགོས་གལ་ཆེ་བས་ཅུང་ཟད་བཤད་པ་འདོད། ཐོག་མ་བཀས་བཅད་ཅེས་པའི་ཐ་སྙད་འདི་ནི།  རྒྱལ་པོའི་བཀའ་ཡིས་ཐག་བཅད་ཅེས་པའི་ཚིག་དེ་བསྡུས་མིང་ཞིག་ཡིན།སྔོན་ཆོས་རྒྱལ་རྣམས་ཀྱི་དུས་སུ་ལོ་ཙཱ་བ་མང་པོས་རྒྱ་གར་འཕགས་ཡུལ་སོགས་ནས་བོད་ཡིག་ལ་གསུང་རབ་ཁག་བསྒྱུར་སྐབས་བསྒྱུར་ཆོས་དེ་དག་བརྡ་སྤྲོད་དང་མཐུན་པ་དང་ཆོས་གཞུང་དང་མཐུན་པ་བོད་ཀྱི་མི་སྤྱིི་བྱིང་གིས་གོ་བདེ་བ་སོགས་མ་བྱུང་ན་བསྒྱུར་མི་ཆོག་ཅིང་།སྔོན་མ་བསྒྱུར་བཞག་པ་དེ་དག་དུས་ཕྱིས་སུ་སྐད་དང་ཡི་གེ་ལ་འགྱུར་བ་སོང་བའི་རྐྱེན་གྱིས་མི་གོ་བ་ཆགས་ཡོད་ན།སླར་བསྒྱུར་བཅོས་གཏང་ཆོག་པའི་དབང་ཚད་ཡོངས་རྫོགས་ཆོས་རྒྱལ་ཁག་ལ་ཡོད་པས།  ཆོས་རྒྱལ་དེས་དུས་དང་མཐུན་པ་བརྡ་གསར་དང་གླེགས་བམ་བཞེངས་བསྐྲུན་སོགས་འདི་དང་འདི་ལྟར་དགོས་ཞེས་བཀས་བཅད་པ་དེ་ལ་བཀས་བཅད་ཀྱི་ཐ་སྙད་འཇུག་གི་ཡོད།  བཀས་བཅད་བྱུང་ཚུལ་ནི་གོང་དུ་གླེང་ཟིན་པ་ལྟར་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་།ཆོས་རྒྱལ་ཁྲི་རལ་བའི་དུས་གཉིས་ཀྱི་དུས་སུ་བྱུང་བ་ཡིན།  སྐད་གསར་བཅད་ཅེས་པའི་ཐ་སྙད་ནི། སྔར་སྐད་རྙིང་ངམ་བརྡ་རྙིང་དེ་དག་དུས་ཚོད་ཀྱི་འགྱུར་འགྲོས།ཁོར་ཡུག་འགྱུར་ལྡོག་དང་བསྟུན་ནས་མིིའི་སྐད་དེ་ཡང་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པས།སྔ་མའི་སྐད་ཆ་དེེ་ཚོ་དུས་ཕྱིས་སུ་མི་རྣམས་ཀྱིས་མི་གོ་བས་སྐད་རྙིང་པ་རྣམས།བོད་མི་སྤྱིི་བྱིང་གིས་གོ་བདེ་བ་སྐད་གསར་པ་རུ་བཅོས་ནས་བོད་ཀྱི་རྒྱལ་པོ་དང་བློན་པོ་མཁས་པ་ལོ་ཙཱ་བ་སུས་སྐད་དེ་ཐག་བཅད་ནས་གཏན་འབེབས་བྱས་པ་དེ་ལ་སྐད་གསར་བཅད་ཟེར།

སྐད་གསར་བཅད་དང་བཀས་བཅད་ཀྱི་སྐོར།  ལོ་རྒྱུས་ཁ་ཤས་ཀྱི་ནང་དུ་བཀས་བཅད་དང་སྐད་གསར་བཅད་གཉིས་འབྱུང་གི་འདུག་པས་དེ་དག་ཁྱད་པར་ཤེས་དགོས་གལ་ཆེ་བས་ཅུང་ཟད་བཤད་པ་འདོད།  ཐོག་མ་བཀས་བཅད་ཅེས་པའི་ཐ་སྙད་འདི་ནི། རྒྱལ་པོའི་བཀའ་ཡིས་ཐག་བཅད་ཅེས་པའི་ཚིག་དེ་བསྡུས་མིང་ཞིག་ཡིན།སྔོན་ཆོས་རྒྱལ་རྣམས་ཀྱི་དུས་སུ་ལོ་ཙཱ་བ་མང་པོས་རྒྱ་གར་འཕགས་ཡུལ་སོགས་ནས་བོད་ཡིག་ལ་གསུང་རབ་ཁག་བསྒྱུར་སྐབས་བསྒྱུར་ཆོས་དེ་དག་བརྡ་སྤྲོད་དང་མཐུན་པ་དང་ཆོས་གཞུང་དང་མཐུན་པ་བོད་ཀྱི་མི་སྤྱིི་བྱིང་གིས་གོ་བདེ་བ་སོགས་མ་བྱུང་ན་བསྒྱུར་མི་ཆོག་ཅིང་།སྔོན་མ་བསྒྱུར་བཞག་པ་དེ་དག་དུས་ཕྱིས་སུ་སྐད་དང་ཡི་གེ་ལ་འགྱུར་བ་སོང་བའི་རྐྱེན་གྱིས་མི་གོ་བ་ཆགས་ཡོད་ན།  སླར་བསྒྱུར་བཅོས་གཏང་ཆོག་པའི་དབང་ཚད་ཡོངས་རྫོགས་ཆོས་རྒྱལ་ཁག་ལ་ཡོད་པས།  ཆོས་རྒྱལ་དེས་དུས་དང་མཐུན་པ་བརྡ་གསར་དང་གླེགས་བམ་བཞེངས་བསྐྲུན་སོགས་འདི་དང་འདི་ལྟར་དགོས་ཞེས་བཀས་བཅད་པ་དེ་ལ་བཀས་བཅད་ཀྱི་ཐ་སྙད་འཇུག་གི་ཡོད།  བཀས་བཅད་བྱུང་ཚུལ་ནི་གོང་དུ་གླེང་ཟིན་པ་ལྟར་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་།ཆོས་རྒྱལ་ཁྲི་རལ་བའི་དུས་གཉིས་ཀྱི་དུས་སུ་བྱུང་བ་ཡིན།
སྐད་གསར་བཅད་ཅེས་པའི་ཐ་སྙད་ནི།  སྔར་སྐད་རྙིང་ངམ་བརྡ་རྙིང་དེ་དག་དུས་ཚོད་ཀྱི་འགྱུར་འགྲོས།ཁོར་ཡུག་འགྱུར་ལྡོག་དང་བསྟུན་ནས་མིིའི་སྐད་དེ་ཡང་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པས། སྔ་མའི་སྐད་ཆ་དེེ་ཚོ་དུས་ཕྱིས་སུ་མི་རྣམས་ཀྱིས་མི་གོ་བས་སྐད་རྙིང་པ་རྣམས།བོད་མི་སྤྱིི་བྱིང་གིས་གོ་བདེ་བ་སྐད་གསར་པ་རུ་བཅོས་ནས་བོད་ཀྱི་རྒྱལ་པོ་དང་བློན་པོ་མཁས་པ་ལོ་ཙཱ་བ་སུས་སྐད་དེ་ཐག་བཅད་ནས་གཏན་འབེབས་བྱས་པ་དེ་ལ་སྐད་གསར་བཅད་ཟེར་གྱི་ཡོད།  སྐད་གསར་བཅད་གསུམ་པའི་སྐབས་སུ་བོད་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་ཟིན་པས། རྒྱལ་པོ་ཟེར་བ་ཞིག་བཀས་བསྐུར་བ་ཞིག་ནི་མེད།
མདོར་ན་བཀས་བཅད་དམ་སྐད་གསར་བཅད་བཙན་པོའི་རྒྱལ་རབས་སྐབས་སུ་ཚར་གཉིས་བྱུང་བ་ནི་ལོ་རྒྱུས་ཡོངས་གྲགས་ཡིན།ལོ་ཆེན་རིན་ཆེན་པོ་བཟང་པའི་སྐབས་ཀྱི་སྐད་བཅད་གསུམ་པ་དེ་ནི་བཀས་བཅད་མིན་པ་སྐད་གསར་བཅད་ཡིན་པ་བཤད་ཆོག།  རྒྱུ་མཚན་ནི།ཁོང་གི་སྐབས་སུ་བརྡ་རྙིང་མང་པོ་ཞིག་བརྡ་གསར་ལ་གཏན་ལ་འབེབས་གནང་བ་ལས་སྔོན་བཙན་པོའི་སྐབས་ཇི་བཞིན་༡ཕྱིན་ཆད་བོད་འདིར་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གཞན་པའི་སྡེ་པ་མི་འཛུགས་པ།དེ་དག་གི་སྡེ་སྣོད་མི་བསྒྱུར་བ།༢སྔགས་མ་རྒྱུད་རྣམས་མི་བསྒྱུར་བ།༣བྲེ་སྲང་དང་ཞོ་ཆ་སོགས་འཇལ་ཆས་རྣམས་རྒྱ་གར་མ་ག་དྷའི་ཡུལ་གྱི་ཚད་དང་མཐུན་པར་འཆོས་དགོས་ཞེེས་བཀའ་གཙིགས་ཀྱིས་བཅད་པ་དེ་ལྟ་བུ།  ལོ་ཆེན་ཆེན་རིན་ཆེན་བཟང་པོའི་སྐབས་སུ་གནང་མེད།ལོ་ཆེན་གྱི་དུས་སུ་གཙོ་བོ་བརྡ་གསར་རྙིང་བཅོས་པ་ཐ་སྙད་ཀྱི་གཏན་འབེབས་ཐག་བཅད་གནང་འདུག།དེས་ན་བཀས་བཅད་དང་སྐད་གསར་བཅད་གཉིས་ཀྱི་ཁྱད་པར་ནི་དེ་ལྟ་བུ་ཞིག་མཐོང་།
གོང་དུ་བཤད་པའི་སྐད་ཆ་ལ་ནོར་བ་མཆིིས་ན་བཟོད་གསོལ་ཞུ།ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བྲིས་པའོ།།
2018 04 05

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*