༧རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་ཁམས་བསངས་ལ་མཛད་པ།

སངས་རྒྱས་ཀུན་གྱི་རང་བཞིན་སྐུ།།རྗེ་བླ་མས་བྱིན་གྱིས་བརླབ་ཏུ་གསོལ།།
བདག་དབེན་པར་བསྡད་ནས་བསམ་མནོ་བཏང་།།ད་ཅི་ཡི་བསམ་མནོ་འཁྲུལ་ནས་འདུག།

བདག་མི་བདེ་མ་མཆིས་བདེ་མོར་གདའ།།དལ་འབྱོར་རྙེད་དཀའ་ཐོབ་སྟེ་བདེ།།
ཐེག་ཆེན་གྱི་ཆོས་དང་མཇལ་ཏེ་བདེ།།ཡང་དག་གི་བླ་མ་བསྟེན་ཏེ་བདེ།།

གསང་སྔགས་ཀྱི་ཆོས་དང་ཕྲད་དེ་བདེ།།རྒྱུད་ཚུལ་བཞིན་དུ་སྨིན་པར་བགྱིས་ཏེ་བདེ།།
དམ་ཚིག་དང་སྡོམ་པ་བསྲུངས་ཏེ་བདེ།།ལམ་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམས་ཏེ་བདེ།།

ཟབ་མོའི་སྤྱོད་པ་བསྒྲུབས་ཏེ་བདེ།།ཡུལ་སྣང་བས་སེམས་ལ་གནོད་པ་མེད།།
ཡུལ་སྙིང་པོ་མེད་དེ་བརྫུན་པར་འདུག།གཟུགས་མེ་ལོང་གི་གཟུགས་བརྙན་འདྲ་བ་ལ།།

ཞེན་པ་བརྩམས་ཀྱང་སྙིང་པོ་མེད།།ཡུལ་གསུམ་ཀྱང་དེ་དང་འདྲ་བར་འདུག།
སྒྲ་ཐོས་ཚད་བྲག་ཅ་འདྲ་བ་ལ།།ཆགས་སྡང་བརྩམས་ཀྱང་སྙིང་པོ་མེད།།

ཅི་བསམས་ཀྱང་སྒྱུ་མར་བློ་ཐག་ཆོད།།སྒྱུ་མའི་ངང་ལ་བདེ་བར་འདུག།
སྒྱུ་མ་བཙལ་བས་བརྗོད་དུ་མེད།།བརྗོད་བྲལ་གྱི་ངང་ལ་བདེ་མོར་འདུག།

འཁོར་བ་བཙལ་ཀྱང་མ་རྙེད་པ།།དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན།།
གཉིས་མེད་ཀྱི་ངང་ལ་བདེ་མོར་འདུག།སྡུག་བསྔལ་བཙལ་ཀྱང་མ་རྙེད་པ།།

བདེ་བ་ཆེན་པོའི་རངབཞིན་ཡིན།།ཟུང་འཇུག་གི་ངང་ལ་བདེ་མོར་འདུག།
འཁོར་བ་སྤང་དུ་མེད་པ་ལ།།སྤང་བློ་མ་སྐྱེས་རྣལ་འབྱོར་པ།།

སངས་རྒྱས་བསྒྲུབ་ཏུ་མེད་པ་ལ།།བསྒྲུབ་བློ་མ་སྐྱེས་རྣལ་འབྱོར་པ།།
འཁོར་འདས་མེད་པར་གོ་བ་དེ།།འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཡིན།།

དབྱེར་མེད་ཀྱི་ངང་ལ་བདེ་མོར་གདའ།།འདི་ལྟར་ཤེས་པའི་རྣལ་འབྱོར་པས།།
བསྒྲུབ་རྒྱུ་མེད་ཀྱང་བསྒྲུབ་ལ་བརྩོན།།བསྒོམ་རྒྱུ་མེད་ཀྱང་བསྒོམ་ལ་བརྩོན།།

བསྲུང་རྒྱུ་མེད་ཀྱང་དམ་ཚིག་བསྲུང་།།དེ་ལྟར་ཤེས་ན་བདེ་སྟེ་མཆི།།
མི་བདག་ཀྱང་དེ་གའི་ངང་ལ་གདའ།།བུ་ཁྱོད་ཀྱང་དེ་གའི་ངང་ལ་ཞོག།

ཐོབ་མེད་བྱང་ཆུབ་ཐོབ་ནས་མཆིས།།བསྒྲུབ་རྒྱུ་མེད་པའི་སངས་རྒྱས་དེ།།
རང་གི་སེམས་ལ་ཡོད་པ་ཡིན།།(《ལུ》+སྒྲུབ་མེད་ཀྱི་སངས་རྒྱས་ཐོབ་ནས་ཀྱང་།།

འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག།)བློ་མི་བདེ་མ་མཆིས་བདེ་མོར་མཆིས།།
རྗེ་བཙུན་གྱི་མན་ངག་དམ་པ་འདི།།ཡེ་ཤེས་རྡོ་རྗེས་བསྐུལ་ནས་ཀྱང་།།

བདག་གིས་འབད་དེ་བྲིས་པ་ཡིན།།བླ་མེད་བྱང་ཆུབ་ཐོབ་པར་ཤོག།
(《ལུ》+དད་པ་ཅན་ཡེ་ཤེས་རྡོ་རྗེས་བསྐུལ།།)ལྕགས་མོ་ཡོས་ལོ་དབྱར་ཟླ་འབྲིང་པོ་ལ།།
དཔལ་ས་སྐྱའི་གཙུག་ལག་ཁང་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཁམས་བསངས་ལ་མཛད་དོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*