བཀའ་སློབ་སྙིང་གི་བདུད་རྩི།

མཁན་པོ་ཁྲ་རིགས་བློ་ཡག

ད་་་་་་་་་ང་རང་གི་བསམ་ཚུལ་མདོར་བསྡུས་ཤིག་ཞུས་ན་འདོད་ཀྱི་ཡོད། དེ་འདྲ་ཡིན་དུས། ཐོག་མར་ང་རང་གིས་བཤད་ཡ་དེ། ང་རང་ཚོ་བོད་ཁ་བ་གངས་ཅན་གྱི་ལྗོངས་ལ་ཡོད་པའི་བོད་མི་ཐམས་ཅད་ནི། འཛམ་གླིང་ས་གོ་ལའི་སྟེང་དུ་ཆོས་བརྒྱུད་ཆེན་པོ་དང་ཆོས་ལུགས་མང་པོ་ཞིག་ཡོད་པ་རེད་དེ། དེ་དག་རྣམས་ཀྱི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཟེར་བ་དེ་དངོས་གནས་དྲང་གནས། དོན་དང་ལྡན་པ། སྙིང་པོ་ཡོད་པ། མི་ལོ་ཉིས་སྟོང་ལྔ་བརྒྱ་ཡ་སྔོན་གྱི་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་དེ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཡོང་དུས། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་སྐབས་སུ། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་པ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ། མྱ་ངན་ལས་འདས་པ་ནི་ཞི་བ་ཡིན་པ་གསུངས་པ་དེ། ད་ལྟའི་དུས་རབས་འདི་འདྲའི་སྐབས་སུ་འཛམ་གླིང་གོ་ལ་ཟླུམ་པོ་འདིའི་པང་ལ་ནམ་མཁའ་ན་འཕུར་ཐུབ་པར་བཟོ་མཁན་དང་། ས་འོག་འཛུལ་ཐུབ་པར་བཟོ་ཐུབ་མཁན་དེ་འདྲའི་ལག་རྩལ་བ་དང་། ཤེས་ཡོན་པ་ཡོད་རེད་དེ། ཡིན་ནའང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་ལོ་ཉིས་སྟོང་ཡར་སྔོན་ནས་གསུངས་བཞག་པའི་གནས་ལུགས་ཡོད་པའི་སྐད་ཆ་དོན་དང་མཐུན་པ་གསུངས་བཞག་པ་དེ། མི་རིགས་གཞན་དང་ཚན་རིག་པ་ཐམས་ཅད་ཀྱིས་བསྒྱུར་བཅོས་གཏོང་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་ཡིན་དུས། དེ་འདྲའི་ཆོས་ལུགས་དེ་ལ། ང་རང་ཚོ་ཞུགས་ཐུབ་པ་དང་། ང་རང་ཚོ་དེ་འདྲ་ཞིག་ལ་དངོས་སུ་གོ་སྐབས་འཕྲད་པའི་གོ་སྐབས་བྱུང་བ་དེ། ནང་པ་སངས་རྒྱས་པའི་ཆོས་ཀྱི་ངོས་ནས་བཤད་ན། དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་རིན་པོ་ཆེ་ཟེར་གྱི་ཡོད་རེད་ལ། འཛམ་གླིང་སྤྱི་ཡོངས་ཀྱི་སྐད་ཆའི་སྟེང་ནས་བཤད་ན། མི་བསོད་ནམས་ཆེན་པོ་ཟེར་ལབ་ཆོག་གི་རེད། དེ་འདྲ་ཡིན་པ་ཡིན་དུས། ང་ཚོ་ལྷག་པར་དུ། ནང་པ་སངས་རྒྱས་པའི་བསྟན་པ་འདི་ལའང་རྒྱ་བརྒྱུད་དང་། བོད་བརྒྱུད། ལྷོ་བརྒྱུད་ནང་བསྟན་སོགས་མང་པོ་ཞིག་ཡོད་རེད་དེ། ཡིན་ནའང་ང་རང་ཚོ་བོད་ཁ་བ་གངས་ཅན་ལྗོངས་ལ་ཡོད་པའི་ཆོས་བརྒྱུད་ཆེན་པོ་བཞིའམ་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཟེར་ན་འདྲ། རྟེན་ཅིང་འབྲེལ་འབྱུང་གི་ལྟ་བ་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ལྡན་གྱི་ལྟ་གྲུབ་འདི་སྤུས་དག་ལ། ཚང་ལ་མ་ནོར་བ། མདོ་སྔགས་རིག་གནས་དང་བཅས་པ་དངོས་གནས་དྲང་གནས་ཟུང་འབྲེལ་དུ་ཆགས་བསྡད་པ་དེ་འདྲ་ཞིག་ཡིན་པ་ཡིན་དུས། ཚང་མ་ལ་ཞུ་ཡ་ཞིག །དགའ་འོས་པ་དང་སྐྱིད་འོས་པ། སྤྲོ་འོས་པའི་སྟེང་ནས་ནང་པའི་སངས་རྒྱས་པའི་ཆོས་ཟེར་བ་དེ་ཆུང་ས་ནས་ཡར་ཆེ་ས་ལ་གོམ་པ་གང་རེ་ཡིན་ན་སྤོ་ཨེ་ཐུབ་ལྟ་ཡ་དེ། ཧ་ཅང་གི་གནད་འགག་ཆེན་པོར་ཆགས་བསྡད་ཀྱི་ཡོད་རེད། རྒྱུ་མཚན་ག་རེ་ཡིན་ཟེར་ན། ང་རང་ཚོ་སོ་སོ་འཆི་བའི་གནས་སྐབས་སུ་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཡ་གཅིག་པུ་ཞིག་མ་ཡིན་པར། ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདི་སའི་གོ་ལ་འདིའི་སྟེང་ལ་གནས་ཐུབ་པར་བྱེད་ཡ་དེ་ཧ་ཅང་གི་གལ་ཆེན་རེད། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མཆོག་གིས། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ།། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ།། ཡུལ་དུས་གནས་སྐབས་ཀུན་ཏུ་མི་ཉམས་པ།། ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ།། ཞེས་གསུངས་པ་ནང་བཞིན་དུ། འགྲོ་བ་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་དེ། ནང་པ་སངས་རྒྱས་པའི་བསྟན་པ་འདི་ཡིན་པ་རེད། དེ་ཡང་ཁ་རོག་རང་འདོད་ཀྱི་སྐད་ཆ་དང་། ཕྱོགས་རིས་དང་ཆགས་ཞེན་གྱི་སྐད་ཆ་ཙམ་མ་ཡིན་པར།
འཛམ་གླིང་འདིའི་སྟེང་ལ་ཉིན་རེ་ནས་ཉིན་རེ
་ཟླ་རེ་ནས་ཟླ་རེར། ལོ་རེ་ནས་ལོ་རེར་ཅིའང་མི་ཤེས་མཁན་ཙམ་མ་ཡིན་པ། ཚན་རིག་པ་དང་ཤེས་ཡོན་པ། རིག་གནས་པའི་སྡེ་ཁག་མང་པོ་ཞིག་གིས་ཤར་ཕྱོགས་ནས་ནུབ་ཕྱོགས། ནུབ་ཕྱོགས་ནས་ནུབ་ཕྱོགས་ནང་ཚན་དུ་རྒྱ་ཆེ་རུ་ཆེ་རུ་ཉམས་བཞེས་གནང་གི་ཡོད་རེད། དེ་འདྲ་ཡིན་དུས། ང་རང་ཚོ་བོད་ཁ་བ་གངས་ཅན་ལྗོངས་ལ་ཡོད་པའི་མི་རིགས་ཚོ་ལྟ་བུ་ཡིན་ན། གནའ་སྔ་མོ་ནས་ཆོས་རྒྱལ་བཀའ་དྲིན་ཅན་དང་ལོ་པཎ་མཁས་པའི་དབང་པོ་དང་། བཀའ་དྲིན་ཉིས་ལྡན་གྱི་པཎྜི་ཏ་དེ་རྣམ་པའི་བཀའ་དྲིན་ལ་བརྟེན་ནས། སོ་སོའི་ལག་ཏུ་ཉམས་སུ་ལེན་ཆོག་ཆོག་ལྟ་བུ་ཞིག་དང་། སོ་སོས་ཉམས་བཞེས་གནང་ཆོག་ཆོག་འདྲ་པོ་དེ་འདྲ་ཆགས་བསྡད་ཡོད་དུས། དེ་ང་ཚོས་ད་ལྟར་བདག་པོ་ཡག་པོ་ཞིག་བརྒྱབ་ནས་ཉམས་ལེན་ཡག་པོ་ཞིག་མ་བྱས་ན། མ་འོངས་པ་ན་འཛམ་གླིང་སྤྱི་ཡིས་བོད་ཁ་བ་གངས་ཅན་གྱི་ཆོས་འདི་ལ་མཐོང་ཆེན་དེ་འདྲ་ཞིག་བྱས་ནས། གངས་རིའི་ལྗོངས་སུ་བསླེབ་ཡོང་དུས། ང་ཚོའང་འཇིག་རྟེན་མི་ངོས་ནས་བཤད་པ་ཡིན་ན་ངོ་ཚ་དགོས་པ་ཞིག་དང་། དམ་པ་ལྷ་ཆོས་ཀྱི་ངོས་ནས་བཤད་པ་ཡིན་ན། ང་ཚོའི་ལག་ལ་ཡོད་པའི་ནོར་བུ་དེ་སོ་སོས་བདག་པོ་ཡག་པོར་བརྒྱབ་མ་ཤེས་ནས་ཉམས་སོང་བ་ཡིན་ན།ཡིད་ཕམ་པོ་འདྲ་བོར་དེ་འདྲ་ཆགས་འོང་གི་རེད། དེ་འདྲ་ཡིན་དུས། ངས་རྣམ་པ་ཚོ་ལ་དེ་རིང་སྐབས་སུ་བབ་པར་རེ་སྐུལ་བྱེད་ཡ་དེ། ངས་ཉམས་ལེན་བྱེད་དགོས་རེད་ཟེར་ནས་ཁྱོད་རང་ཚོ་ཚང་མ་མཚམས་ལ་འདུག་དགོས་རེད་ལབ་ཀྱི་མེད་ལ། ཁྱོད་རང་ཚོ་ཚང་མ་བཤད་གྲྭ་ནང་འཇུག་དགོས་རེད་དུས་ནམ་ཡང་ལབ་རྩིས་མེད།འོན་ཀྱང་་མི་རང་རང་སོ་སོའི་དུས་ཚོད་དང་སོ་སོའི་བློ་ཚོད་དང་མཐུན་པའི་ཉམས་ལེན་ཞིག་བྱེད་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ནི། སྡིག་པ་ཅི་ཡང་མི་བྱ་ཞིང་།།དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།།ཞེས་གསུངས་པ་དེ་འདྲ་ཡིན་དུས། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེའི་སྙིང་པོ་འདྲ་བོ་དེ། རྒྱུ་འབྲས་བསྲུང་ཡ་དེ་རེད། རྒྱུ་འབྲས་བསྲུང་ཡ་ཟེར་བ་དེ། རྒྱུ་བཟང་པོ་ལ་བརྟེན་ནས་འབྲས་བུ་བཟང་པོ་འབྱུང་བ་དང་། རྒྱུ་ངན་པ་ལ་བརྟེན་ནས་འབྲས་བུ་ངན་པ་འབྱུང་བ་ལ་རྩི་བཀུར་ཞུ་ཡ་དེ་རེད། རྒྱུ་འབྲས་ཟེར་ཡ་དེ་ནི་ང་རང་ཚོ་ནང་པ་སངས་རྒྱས་པས་ཁ་རོག་རང་འདོད་བྱས་ནས། བཤད་བཞག་པ་མ་ཡིན་པར། དངོས་པོའི་གནས་ལུགས་ཀྱི་སྟེང་ནས་གྲུབ་བསྡད་པ་དེ་འདྲ་ཞིག་ཡིན་པ་རེད། དེ་འདྲ་ཡིན་དུས། རང་གཞན་སེམས་ཅན་སུ་དང་སུ་འདྲ་ཡིན་ནའང་བདེ་བ་འདོད་མཁན་ཤ་སྟག་ཡིན་པ་དང་། སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་དུས། དེ་བས་ན་རྣམ་པ་ཐམས་ཅད་ཀྱིས་རང་གཞན་གཉིས་ཕན་དང་། སྤྱིར་འཛམ་གླིང་འདིའི་སྟེང་ལ། ཁྱད་པར་དུ་བོད་ཁ་བ་གངས་ཅན་ལྗོངས། ལྷག་པར་དུ་ང་ཚོའི་ཡུལ་ལུང་འདི་ལ། འཛིང་རྩོད་འཁྲུག་གསུམ་མེད་པ་ཞིག་བཏང་ནས། རྣམ་པ་ཐམས་ཅད་ཀྱིས་གཅིག་ཕན་གཅིག་གྲོགས་དེ་འདྲ་ཞིག་བྱས་པ་ཡིན་ན། འཇིག་རྟེན་མི་ཆོས་ཀྱི་སྟེང་ནས་ཡིན་ན་ཧ་ཅང་གི་ང་ཚོ་བོད་ཁ་བ་གངས་ཅན་ལྗོངས་ཀྱི་མི་རིཊ་ཚོ་ད་དུང་དུས་ཚོད་འདི་འདྲ་ཞིག་ལ་ཐོན་དུས། ཧ་ཅང་གི་ཕུན་སུམ་ཚོགས་པ་ཡག་པོ་དེ་འདྲ་ཆགས་བསྡད་ཀྱི་ཡོད་རེད། དམ་པ་ལྷ་ཆོས་ཀྱི་ངོས་ནས་ཞུས་པ་ཡིན་ན། ང་ཚོས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ནམ་རྒྱུན་བཤད་ཀྱི་ཡོད་རེད། བྱང་ཆུབ་ཀྱི་སེམས་ཟེར་བ་དེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་གསུངས་པ་ནང་བཞིན། སེམས་བསྐྱེད་ཟེར་བ་དེ། སེམས་ཅན་གཞན་ལ་ཕན་ཐོགས། ཡ་རབས། སྤྱོད་བཟང་གི་སེམས་བཟང་པོ་བྱས་པ་མདོར་ཚུར་བསྡུས་ན་བྱང་ཆུབ་སེམས་ཟེར་ཆོག་རེད། རྣམ་པ་ཚང་མས་དེ་ལུགས་མཛད་རོགས། ད་མང་པོ་ཞུས་བསྡད་པ་ཡིན་ན། གཅིག་ནས་ད་དུས་ཚོད་ཡོད་ས་མ་རེད། གཉིས་ནས་ཨ་ཅོག་ཏོག་ཙམ་ཚ་འོང་ན་ཤེས་ས་མ་རེད། ད་དེ་ཙམ་ཡིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*