ལམ་འབྲས་པ་མཁན་པོ་འཇམ་སེང་མཆོག་གི་རྣམ་ཐར།

བླ་མ་ལམ་འབྲས་པ་འཇམ་དབྱངས་སེང་གེའི་རྣམ་པར་ཐར་པ་མདོར་བསྡུས་པ་ཡིད་བཞིན་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།

རྩོམ་པ་པོ།  འཇམ་དབྱངས་བློ་གྲོས།

ན་མོ་གུ་རུ་མཉྫུ་གྷོ་ཥ་སེདྷ་ཡ། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ་དཔལ་དང་། དབྱེར་མེད་དྲིན་ཆེན་རྗེ་བཙུན་བླ་མ་མཆོག །མི་ཕྱེད་དད་པས་བཏུད་དེ་གང་གི་ནི། །རྣམ་ཐར་སྙིང་པོ་མདོར་བསྡུས་འབྲི་བར་བྱ། །དེ་ལ་བདག་ཅག་གི་དཔལ་ལྡན་བླ་མ་ལམ་འབྲས་པ་འཇམ་དབྱངས་སེང་གེ་མཆོག་གི་རྣམ་པར་ཐར་པ་སྙིང་པོར་མདོར་བསྡུས་ཏེ་འབྲི་བ་ལ། རྗེ་འདི་མདོ་ཁམས་སྡེ་དགེའི་མངའ་ཁོངས་འབྲི་ཀླུང་དལ་གྱིས་འབབ་པའི་ལྷོ་རྒྱུད། སྨར་ཁམས་ཀེ་རེ་སྒང་གི་ནོར་འཛིན་གྱི་ཆར་གཏོགས་པ་ཉག་ཤིས་སེ་ཚའི་བྱང་ཤར་བཀྲ་ཤིས་མཚེར་ཞེས་དགེ་བཅུའི་དཔལ་གྱིས་མངོན་པར་མཐོ་བ་དེར། རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྟག་གི་ལོ་ནག་པ་ཟླ་བའི་དམར་ཕྱོགས་ཀྱི་སྟོང་པ་གསུམ་པ་སྟེ་རྩ་རྒྱུད་ལས་ཡི་དྭགས་ཟླ་ཕྱེད་བཅུ་བཞི་པ། བརྒྱད་པ་ཡང་ནི་དེ་བཞིན་ནོ། །ཞེས་དུས་ཆེན་ཁྱད་པར་ཅན་བཞིའམ་དྲུག་གསུངས་པའི་ནང་ཚན་དུ་གཏོགས་པ་དེའི་ཉིན་སྐུའི་མཚན་དཔེ་ཞིང་འདིར་མངོན་པར་བཞད། འདིའི་ཡབ་ནི་སྡེ་དགེའི་ཕྱི་ཡི་དཔོན་མགོ་ཁག་གསུམ་ལས། སེ་ཚ་དཔོན། དེའི་རིགས་ལས་མཆེད་པ། དཔའ་ཞིང་བརྟུལ་ཕོད་པ་དང་། ཁོང་ཡངས་ལ་གཤིས་བཟང་བ་སོགས་ཡ་རབས་དམ་པའི་ངང་ཚུལ་ཅན་ཨ་ཡུཿཔུཎྱེ་དང་། བསྐྱེད་པའི་ཡུམ་ནི། སེ་ཚ་དགེ་རྒྱས་ཚང་ཞེས་དམ་པའི་མཁས་གྲུབ་བར་མ་ཆད་པར་བྱོན་པའི་བརྒྱུད་པ་རྨ་རྒྱལ་སྤོམ་རའི་བརྫུས་བུར་འབོད་པ་རྨ་གཡང་ལ་སྲས་མིང་སྲིང་དྲུག་ལས་ཆེ་བ་འཇམ་དབྱངས་བློ་གསལ་བཟང་པོ། དེའི་འོག་མ་ཕྱོགས་དང་མདའ་ཡི་མིང་འཛིན། རང་བཞིན་གྱིས་གཤིས་རྒྱུད་དྲང་ལ་ངང་ཚུལ་བཟང་ཞིང་ཉམས་ཆུང་སོགས་ལ་ལྷག་པར་བརྩེ་བ་དང་དགེ་བ་ལ་སྤྲོ་བ་ཞིག་སྟེ་དེ་གཉིས་ཀྱི་སྲས་སུ་སྐྱེ་བ་བཞེས་པ་ཡིན། དེའང་རྗེ་འདི་མའི་མངལ་དུ་ཡོད་པ་དང་བཙས་པའི་དུས་ན། ཡུམ་དང་ཁུ་བོ་སོགས་ལ་ངོ་མཚར་བའི་རྨི་ལྟས་དུ་མ་བྱུང་། སྐུ་བལྟམས་པའི་དུས་ན་འབྲུག་སྒྲ་གྲགས་པ་དང་། འཇའ་འོད་ཤར་བ་སོགས་དགེ་བའི་མཚན་མ་བློ་ལས་འདས། ཆུང་ངུའི་དུས་ནས་སྐུ་རྩེད་ཀྱི་རྣམ་པ་ཚུན་ཆད་བྱིས་པའི་སྤྱོད་པ་ལས་འདས་པ་ཁོ་ན་མཛད། ཐུགས་རབ་ཤིན་ཏུ་ཆེ་བས་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། བཅོས་མ་མིན་པའི་སྙིང་རྗེ་དང་གནས་ལུགས་ཀྱི་དོན་ལ་ཐུགས་ལྷན་སྐྱེས་སུ་མངའ། ཆུང་ངུའི་དུས་ནས་བཟུང་རྣམ་པ་ཀུན་ཏུ་འདུ་འཛི་ལ་མི་དགྱེས། དད་པ་དང་ངེས་འབྱུང་བརྩོན་འགྲུས་སོགས་རྣམ་དཀར་གྱི་ཕྱོགས་ལ་མི་ལྡོག་པའི་བློ་ངང་གིས་ཡོད་ཅིང་དེ་ལྟ་བུའི་སྐྱེས་བུ་དམ་པ་འདི་ནི་རིགས་གནས་གསར་བརྗེ་ཆེན་པོ་ལྟ་བུས་སྐུ་ངལ་མང་པོའི་འོ་བརྒྱལ་བཞེས་དགོས་བྱུང་སྐབས། ལྷག་པར་སྲིད་པ་ལ་ཡིད་འབྱུང་སྟེ་ཁྱིམ་ན་གནས་པ་ནི་ཚ་བས་གདུང་བ་ལྟ་བུའོ། །རབ་ཏུ་བྱུང་བ་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་གསུངས་པ་ལྟ་བུའི་དོན་ལ་ཐུགས་ངེས་གཏིང་ནས་འདྲོངས་ཏེ། ཀེ་སྟོད་གྲུབ་དབང་ཀརྨ་ནོར་བུ་ལས་དགེ་བསྙེན་དང་། ས་སྐྱའི་ལྷ་ཁང་ཆེན་མོའི་མཁན་ཀླུ་སྒྲུབ་རྒྱ་མཚོ་ལས་དགེ་ཚུལ་དང་། ངོར་ཁང་སར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་མཛད། བསླབ་པའི་གནས་རྣམས་མིག་འབྲས་ལྟར་བསྲུང་སྟེ་སྡོམ་བརྩོན་ཀུན་གྱི་ཁྱུ་མཆོག་ཏུ་གྱུར་ཏེ་ངུར་སྨྲིག་གི་རྒྱལ་མཚན་བཞེས། ཁྱད་པར་སྙན་བརྒྱུད་ཚད་མ་བཞི་ལྡན་གསུང་ངག་རིན་པོ་ཆེ་གཙོས་ཟབ་ཆོས་དཔག་ཏུ་མེད་པ་མཁན་ཆེན་བློ་དགའ་རིན་པོ་ཆེ་ལས་བུམ་པ་གང་བྱོའི་ཚུལ་དུ་གསན། ཁྲི་ཚོ་མཁན་ཤེས་རབ་ཕུན་ཚོགས་ལས་ཀྱང་སློབ་བཤད་ཀྱི་སྔོན་འགྲོའི་སྐོར་དང་གཞན་ཡང་ཟབ་ཆོས་མང་དུ་གསན། དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་ལས་གདམས་ངག་མཛོད་དང་སྒྲུབ་ཐབས་ཀུན་བཏུས་གཙོས་བཀའ་ཆོས་དུ་མ་དང་། ངོར་ཁང་སར་མཁན་རིན་པོ་ཆེ་ལས་སྔར་སྨོས་པ་ལྟར་བསྙེན་རྫོགས་ཀྱི་གཙོས་ལམ་འབྲས་ཚོགས་བཤད་སོགས་དབང་དང་རྗེས་གནང་རིགས་དུ་མ་དང་། ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་ལས་ངོར་དཀྱིལ་བདུན། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་སོགས་བཀའ་ཆོས་དུ་མ་གསན། ངོར་ཞབས་དྲུང་རྣམ་གཉིས་ལས་ཀྱང་ཆོས་མང་དུ་གསན་མཛད། གཞན། གྲུབ་དབང་པདྨ་ནོར་བུ་ལས་རིན་ཆེན་གཏེར་མཛོད་གསན་པས་གཙོས་གསར་རྙིང་རིས་མེད་ཀྱི་བཤེས་གཉེན་མང་དུ་བསྟེན་ཏེ་དབང་ཁྲིད་བཀླག་ལུང་སོགས་མཐའ་ཀླས་པར་གསན་ཁྱད་པར་གཞུང་ཆེན་རྣམས་ཀྱི་སྐོར་མཁན་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་དམ་ཆོས་གཙོས་མཁས་དབང་དུ་མ་ལས་ཐུགས་སྦྱོང་དཔྱིས་ཕྱིན་པར་མཛད་དེ་གཞུང་ལུགས་དྲི་མ་མེད་པ་རྣམས་སྒྲོ་འདོགས་ཆོད་པར་བསླབས།ཆོས་གསན་པ་དེ་དག་ཀྱང་བླ་མ་སྙན་གྲགས་ཆེ་ཆུང་སོགས་ལ་མི་གཟིགས་ཏེ་བརྒྱུད་པ་ནུབ་ཏུ་དོགས་པ་དང་། ཐོབ་དཀའ་བའི་རིགས་སོགས་སུ་ལ་བཞུགས་ཀྱང་རང་གི་གསན་ཅིང་གཞན་དག་ལ་གསུང་བསྐུལ། ཡོན་སྦྱོར་དགོན་པ་ཁག་ལ་དགོས་ཚུལ་བསྩལ་བ་བཅས་ཀྱིས་བསྟན་པ་གཞིར་བཞེངས་སུ་སློང་མཛད། མདོར་ན་བགྲང་བྱ་མང་པོའི་བར་མཉེས་པ་གསུམ་གྱིས་དགེ་བའི་བཤེས་གཉེན་དུ་མ་ཞིག་བསྟེན་ཏེ་རང་རྒྱུད་ཆོས་ཀྱི་མཛོད་དུ་བསྒྲུབ། གསན་པ་དེ་དག་ཀྱང་གོ་ལོ་དང་ཐོབ་ལོ་ཙམ་དུ་མ་བཞག་པར་ཐུགས་རྒྱུད་ལ་ཉམས་བཞེས་ཇི་ལྟར་མཛད་པའི་ཚུལ་ནི། སྔར་སྨོས་པ་ལྟར་འཁོར་བ་ནི་སྡུག་བསྔལ་དུ་མའི་འབྱུང་གནས་མེ་མ་མུར་གྱི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གདུག་པའི་ཚང་ལྟ་བུར་མཁྱེན་ནས་དེ་ལས་མྱུར་དུ་ཐར་འདོད་ཀྱི་ངེས་འབྱུང་གི་བློ་ལྷན་སྐྱེས་སུ་ཡོད་པ་དེ་ཉིད་ལ་བུད་ཤིང་བསྣན་པའི་མེ་བཞིན་དུ་གྱུར་ཏེ་ལྷག་པར་མཁན་ཤེས་རབ་ཕུན་ཚོགས་སྐུ་ཞི་བར་གཤེགས་པ་ནས་ཁྱི་མཚེར་ཤུལ་དུ་ལུས་པ་ལྟ་བུའི་ཚེ་མི་ཆོད་ནམ་མི་ལངས་པའི་ཚོད་དུ་གྱུར་ཏེ་འཁོར་བ་འདི་ལས་ཐར་པའི་ཆོས་རྣལ་མ་ཞིག་མ་འགྲུབ་སོང་ན་མི་ལུས་ཐོབ་པ་དོན་མེད་དུ་འགྱུར་འགྲོ་ཞིང་། དེའང་མྱུར་དུ་མ་འགྲུབ་ན་ཚེ་ནི་སྐད་ཅིག་རེ་རེ་བཞིན་ཟད་ནས་ཉི་རྒས་ཀྱི་གྲིབ་སོ་ལྟ་བུ་འཆི་བདག་གི་དྲུང་དུ་ཕར་ཕར་ཉེ་བར་ལས་མི་འདུག །ལྷག་པར་འཆི་རྐྱེན་ནམ་འོང་ནི་ཤེས་ཀྱི་མི་འདུག་དེས་ན་རི་ཁྲོད་རྣམ་གཡེང་མེད་པ་ཞིག་ཏུ་འགྲོ་སྙམ་པ་ཐུགས་ལ་ལྡོག་དཀའ་བ་ཞིག་འཁྲུངས་པའི་རྐྱེན་གྱིས་དབེན་པ་ལ་བྱོན་སྐབས་ཉེ་ཕྱོགས་རྣམས་ཀྱིས་ཤེས་ན་ཕེབས་གེགས་བྱེད་འོང་བས་བྲོས་སྟབས་ཀྱིས་བྱོན་ཏེ་གྭ་གུ་རི་ཁྲོད་ལ་བཞུགས་མཛད། སྒྲུབ་པ་ལ་དམ་བཅའ་ལྡོག་ཏུ་མེད་པ་གནང་ནས་ཡོད་སྐབས་ཉིད་ཀྱི་གཅུང་དེ་བསད་ཤོར་ནས་བང་ཆེན་འབྱོར་ཡང་སྐུ་ཡུལ་ལ་ཕེབས་མ་མཛད། རི་ཁྲོད་འདིར་མ་བཞུགས་པའི་སྔར་ཡང་འགྲོ་གོ་རི་ཁྲོད་དུ་སྐུ་མཚམས་ལོ་འགའ་ཤས་ལ་བཞུགས་ཉིད་ཀྱི་ཁྱིམ་གཞིས་སུ་བསྙེན་མཚམས་ཁ་ཤས་བཞུགས་མཛད་དེ་སྐབས་རྣམས་སུ་མཚན་མ་ཡང་ཅི་རིགས་པར་རྟགས་ཐོན་སོང་བ་དང་། ས་སྐྱ་འཇམ་དབྱངས་ཕུག་པར་བློ་སྦྱོང་གཙོ་བོར་བྱས་ཏེ་ཉམས་བཞེས་དམིགས་རྐང་ལ་ཐུགས་བརྩོན་ལྷོད་མེད་མཛད་དེ་རྟོགས་པའི་ཡོན་ཏན་མང་པོ་ཐུགས་ལ་འཁྲུངས། མཁན་ཆེན་ཤེས་རབ་ཕུན་ཚོགས་ལས་གདམས་ངག་ཟབ་ཆོས་གསན་པ་ནས་བཟུང་ཉམས་རྟོགས་ཀྱི་པདྨོ་བཞད། མཁན་ཆེན་བློ་དགའ་རིན་པོ་ཆེ་ལས་ལན་གཉིས་བར་རྗེ་འདི་ས་སྐྱར་ཕེབས། དགོས་པའི་བཀའ་ཤོག་འབྱོར་བར་བརྟེན་ས་སྐྱར་ཕེབས་ཏེ་ཟབ་ཆོས་རྒྱ་མཚོ་ལྟ་བུ་བསྩལ་བ་རྣམས་གསན་བཞེས་མཛད་དེ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། མདོར་ན་རྗེ་འདི་གཉིས་ཐུན་མོང་མ་ཡིན་པའི་རིགས་བདག་ཏུ་བཞེས། དེས་མཚོན་མོས་གུས་དང་དག་སྣང་ལ་ཕྱོགས་རིས་མེད་པའི་སྒོ་ནས་ཆོས་འབྲེལ་ཙམ་གསན་པ་ཚུན་ཆད། བླ་མར་འཛིན་པས། དད་པ་དང་དག་སྣང་། སྐྱོ་ཤས་དང་། ངེས་འབྱུང་།བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། བསྐྱེད་རྫོགས་ཀྱི་སྒོམ་ཉམས། ལྟ་བ་ཟབ་མོ་སོགས་ལ་མྱོང་བ་ནང་ནས་ཐོན། སྒྲོ་འདོགས་སེམས་སུ་ཆོད། ཆོས་བརྒྱད་ཀྱི་རྟོག་པ་དབྱིངས་སུ་ཡལ།སྣང་གྲག་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་རང་བཞིན་མ་གྲུབ་པར་རྟོགས་པའི་བློ་འདས་བརྗོད་མེད་ཀྱི་ལྟ་བ་ཐུགས་ལ་འཁྲུངས། སྣང་སྲིད་ཐམས་ཅད་གདན་གསུམ་ཚང་བའི་ལྷ་ཚོགས་སུ་ངོ་འཕྲོད། མ་བཅོས་ཤུགས་འབྱུང་གི་སྤྱོད་པ་བླང་དོར་མེད་པར་རྟོགས་པའི་རྩལ་ལས་ཚད་རྫོགས། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་བརྩེ་བས་སྙིང་རྗེ་ངང་གིས་འཁྲུངས་པས། གནོད་བྱེད་ཀྱི་དགྲ་འདྲེ་གདོན་བགེགས་གཟུགས་ཅན་གཟུགས་མེད་བྱད་ཕུར་འཚེར་སྣང་གང་བྱུང་ཡང་ཐམས་ཅད་དམིགས་མེད་དུ་ཞི་སྟེ་ཕན་པ་དང་བདེ་བའི་གནས་ལ་བཀོད། ཡུལ་ཕྱོགས་གང་ན་ཕེབས་ཀྱང་ཤོ་སྦག་དུ་སྣ། ཆང་རག །བཤས་ཕབ་སོགས་ཁ་ན་མ་ཐོ་བ་ཉེས་པའི་ཕུང་པོ་སྡུག་གི་གཞི་མ་ཐམས་ཅད་བཅད་སྡོམ་སྤོང་གསུམ་བྱེད་དུ་གཞུག་སྟེ་ཡུལ་ཁམས་ཐམས་ཅད་ཆོས་ལ་བཀོད། འཛིང་རྩོད་རྐུ་ཇག་གི་རྒྱུན་བཅད། ལུང་པ་སོ་སོའི་གནའ་ལུགས་ལྟར་ཆས་གོས་རྒྱན་འདོགས་རྒྱུན་འཁྱོངས་དགོས་ཚུལ་བཀའ་སློབ་ཕེབས་ཏེ་ལྷ་ཆོས་མི་ཆོས་ཐམས་ཅད་ཀྱི་རྐང་གཙུགས། དགོན་པ་ཁག་ལ་ཕེབས་ཏེ་བཀའ་ཆོས་གནང་བའང་གསུང་ངག་སློབ་བཤད་ཚར་བཅུ། ཚོགས་བཤད་རྒྱས་པའི་ལུགས་སུ་མཛད་པ་ཚར་དྲུག །བསྡུས་པའི་ལུགས་སུ་མཛད་པ་གདམས་མཛོད་དང་སྦྲགས་ཏེ་གནང་བ་ཚར་བདུན་རྣམས་ཀྱིས་མཚོན་མཁའ་སྤྱོད། མགོན་པོ། འཇིགས་བྱེད་སོགས་དབང་དང་ཟབ་ཁྲིད་རྗེས་གནང་། བྱིན་རླབས། པོད་ལུང་རྣམས། དོན་གཉེར་ཅན་གྱི་གང་ཟག་ཅིག་ཡིན་ཕྱིན། རྒྱུ་ཆེ་ཆུང་། ཐོབ་རྒྱ་མངའ་ཐང་སོགས་གང་ལའང་མི་གཟིགས་ཏེ་རྒྱུད་ལ་ཕན་ངེས་པའི་སྒོམ་ཁྲིད། ངོ་སྤྲོད་སོགས་མཛད་དེ་རྗེ་ཉིད་ལ་བསྟེན་མཁན་ཞིག་ཡིན་ནས་བཟུང་། འདིར་སྣང་ལ་ཞེན་པ་ཆུང་། འཁོར་བ་ལ་ངེས་འབྱུང་སྐྱེ།ཀུན་ལ་དག་སྣང་དང་དད་པ་ཆེ། སུ་ལའང་གནོད་དོགས་བྱེད་ཅིང་། འཁོན་འཛིང་མི་བྱེད། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཀྱིས་ཐམས་ཅད་ལ་ཕན་པར་བརྩོན་པ་སོགས་ཉམས་ལེན་ལ་དྲིལ་བ་ཅན་ཤིན་ཏུ་མང་ལ། ཁྱད་པར་རྗེ་འདི་ལ་ཡུན་རིང་དུ་བཅར་བ་རྣམས་ནི། ལྟོ་གོས་གང་བྱུང་རེས་ཆོག་པར་བྱེད། རྣམ་གཡེང་དང་འདུ་འཛི་ལ་རྒྱབ་ཕྱོགས། གཉེན་འབྲེལ་སོགས་ལ་ཁ་འཛིན་མི་བྱེད། ཞེ་སྡང་དང་ཁོང་ཁྲོ་ཆུང་། ཞི་དུལ་དང་བག་ཡོད་ཀྱིས་སྒོ་གསུམ་ལ་ལྷོད་ཆགས་པ་སོགས་སྒོམ་སྐྱོང་བའི་དོན་འབྲས་དང་། བླ་མ་བསྟེན་པའི་མངོན་རྟོགས་སོགས་གཞན་དང་མི་འདྲ་བ་མངོན་སུམ་དུ་གདའ། དེ་ལྟར་གང་དང་འབྲེལ་ཡང་དོན་དང་ལྡན་པའི་མཛད་པ་རྣམ་ཀུན་མངའ་བ་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡོད་ན་དེས་ཆོག །མེད་ན་ཐབས་ཆག་པའི་ཐེག་པ་ཆེན་པོ་མདོ་སྔགས་གང་གི་སྐབས་སུའང་ཕན་ཡོན་ཚད་མེད་པར་གསུངས་པ་འདི་ཉིད་ཐུགས་རྒྱུད་ལ་བཅོས་མ་མ་ཡིན་པ་འཁྲུངས་པའི་ལག་རྗེས་ཁོ་ན་ཡིན་ཏེ། རྗེ་ཉིད་ཀྱི་བཀའ་ལས་ཀྱང་། བདག་གིས་སུ་ཡིན་ཀྱང་ཕན་ཐོགས་ཡོང་ཞིང་། བྱ་བ་གང་བརྩམ་ཐམས་ཅད་ལམ་དུ་འགྲོ་བ་དང་།ནད་གདོན་བགེགས་སྣང་ཅན་རྣམས་ཞི་ནུས་པ་དང་། གར་སོང་ས་ཕྱོགས་ཐམས་ཅད་ལ་དགེ་མཚན་ཕུན་སུམ་ཚོགས་པ་རེ་མི་འོང་བ་མེད་ཅིང་། སློབ་མ་རྣམས་འབྲལ་ནས་འགྲོ་སྐབས་གདོང་མཆི་མས་གང་། ཡིད་དད་གདུང་བསྐྱེད། ངག་ཆོ་ངེ་འདོན་པ་སོགས་འབྲལ་མི་ཕོད་པ་ཙམ་བྱེད་པ་འདི་ནི། ང་ཡིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསྒོམ་པ་ཁ་ཙམ་དུ་མ་སོང་བར་རྒྱུད་ལ་ཅུང་ཟད་འབྱོངས་བའི་རྟགས་ཡིན་ཚུལ་དང་། ང་ཡིས་སློབ་མ་རྣམས་ལ་ཕན་ཐོགས་ཅུང་ཟད་འོང་བ་འདི་ནི་ང་རང་གིས་བླ་མའི་རྣལ་འབྱོར་ལ་རྒྱུན་དུ་ནན་རྟན་བྱེད་པ་ཡིན་པས་དེའི་མཐུས་ཡིན་ཚུལ་ཕེབས། དེས་ན་རྟོགས་པས་བདག་རྒྱུད་གྲོལ་སྙིང་རྗེས་གཞན་རྒྱུད་གྲོལ་ཟེར་བ་ལྟར་དོན་གཉིས་ཕུན་སུམ་ཚོགས་པའི་མངའ་བདག་ཡིན་པས་གོང་དུ་སྨོས་པ་ལྟར་སློབ་མ་རྣམས་ལ་བློ་ཆོས་དང་འདྲེས་པའི་ཉམས་རྟོགས་བརྟེན་པར་མ་ཟད། བྱ་དང་བྱེའུ་སོགས་ཀྱང་སྐུ་སྤང་དུ་རྩེད་མོ་བྱེད་པ་དང་། དགའ་དགའ་བྱེད་ཅིང་ཕན་ཚུན་མི་འཚེ་བ་སོགས་སྣང་། གཞན་ཡུལ་ཕྱོགས་ཀྱི་གནས་བདག་དང་། གཞི་བདག་སོགས་མི་མིན་རྣམས་ཀྱང་དགེས་པའི་རྣམ་པ་ངོ་མཚར་བ་རེ་ཡོད་པའི་ལྟས་མངོན་སུམ་སྣང་བ་སོགས་ཞིབ་པར་ནི་རྣམ་པར་ཐར་པ་རྒྱས་པ་ལས་འབྱུང་བས་དེར་བལྟ་བར་བྱའོ། །དེ་ལྟར་རྗེ་འདི་ཉིད་སྐུ་ཆུང་ངུའི་དུས་ནས་ཐེག་པ་ཆེན་པོའི་རིགས་མངོན་དུ་སད་ནས་ཡོད་པར། སླར་ཡང་དགེ་བའི་བཤེས་གཉེན་དུ་མ་ཞིག་བསྟེན་ཏེ་གསན་བསམ་ཕྱོགས་མེད་ཀྱིས་རྒྱུད་ཡོངས་སུ་སྦྱངས་ནས་དབེན་པའི་གནས་སུ་ནང་དུ་དེ་ཁོ་ན་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་གཞོལ་བས་མངོན་པར་རྟོགས་པ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་ནས་བསྟན་པ་དང་འགྲོ་བའི་དོན་ལ་གང་གིས་ཀྱང་བསྒྲུན་དུ་མེད་པའི་ཕྲིན་ལས་རྟག་པ་དང་། ཁྱབ་པའི་ཆ་ཤས་རེས་ཀྱང་དཔག་ཏུ་མེད་པའི་ཕན་བདེའི་རྒྱལ་སྲིད་བསྐྲུན་ཅིང་། ད་དུང་དུ་ཡང་ཇི་སྲིད་རྣམ་འདྲེན་ལྔ་པའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཡོངས་སུ་མ་བྱོན་པ་དེ་སྲིད་དུ། སྐུ་གསུང་ཐུགས་མཛད་པ་དང་བཅས་པའི་སྣང་བ་ཀུན་ཏུ་གསལ་ཞིང་། ཤཱཀྱའི་རྒྱལ་པོའི་མདོ་སྔགས་ཀྱི་བསྟན་པ་ལུང་དང་མངོན་པར་རྟོགས་པས་བསྡུས་པ་ཕྱོགས་དང་དུས་མུ་མཐའ་མེད་པའི་ཡིད་ཅན་རྣམས་ཀྱི་བགོ་སྐལ་དུ་བསྩལ་ཞིང་། རྡོ་རྗེའི་ཆོས་སུ་ཞབས་ཀྱི་པདྨོ་མངོན་པར་བརྟན་ནས། གདུལ་བྱ་རྣམས་ཞི་བ་མྱང་འདས་ཆེན་པོར་དཀྲི་བ་དང་། དེ་ཙམ་གྱིས་ཀྱང་མཐའ་གཏུགས་པ་མེད་པར་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་མཐུ་དང་། ཐུགས་བསྐྱེད་དང་སྨོན་ལམ་གྱི་ཤུགས་ཡོངས་སུ་བརྟན་པའི་སྟོབས་དང་། འགྲོ་བའི་ཁམས་གདུལ་བྱར་མི་འགྱུར་བ་མེད་པའི་དོན་གསུམ་གྱིས་ནམ་མཁའ་དང་མཉམ་པའི་མཛད་པ་སྐད་ཅིག་མ་ཙམ་གྱི་ཡུན་ལ་ངོ་མཚར་བའི་རྣམ་པར་འཕྲུལ་པ་དག་དང་བཅས་རྡུལ་གཅིག་གི་ཁྱོན་ལ་ཕྱོགས་བཅུའི་ཞིང་ཁམས་ཀྱི་བཀོད་དབྱིབས་མཁྱེན་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡོངས་སུ་རྫོགས་ཏེ་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ་འབའ་ཞིག་གི་ངོ་བོར་གྱུར་པའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཟག་མེད་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་ནས། དེ་ལས་གཡོ་བ་རྡུལ་ཙམ་མེད་པར་སྐུ་བཞི་ཡེ་ཤེས་ལྔ་ཡི་ཟག་མེད་ཀྱི་འབྱོར་བ་སྟུག་པོར་བཀོད་པ་རང་སྣང་ལྷུན་གྲུབ་ཀྱི་ཞིང་དུ། ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་ལ་ཉེ་བར་ལོངས་སྤྱོད་དེ་འཁོར་ལོ་མུ་མེད་པ་བསྐོར་བ་ན། དེ་ལས་ཐ་མི་དད་པའི་འཁོར་དུ་བདག་སོགས་འགྲོ་བ་རྣམས་བསྐྱབ་བྱ་སྐྱོབ་བྱེད་མེད་པའི་ཚུལ་གྱིས་རྗེས་སུ་འཛིན་པར་སྨོན་པ་གསོལ་བ་དང་བཅས་རྗེ་བླ་མའི་རྣམ་པར་ཐར་པ་ཉུང་ངུར་བསྡུས་ཏེ་སྙིང་པོའི་ཚུལ་དུ་བཀོད་པ་རེ་ཞིག་བསྟན་ཟིན་ཏོ། །སླར་སྨྲས་པ། སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མ་ཡི། །གསང་བ་གསུམ་དང་ནམ་ཡང་མི་འབྲལ་ཞིང་། །ཐུགས་ཀྱི་བཞེད་དོན་མ་ལུས་བདག་གཅིག་པུས། །ཡོངས་སུ་བཟུང་སྟེ་བསྟན་འགྲོའི་དོན་བྱེད་ཤོག །
ཅེས་འདྲེན་མཆོག་རྡོ་རྗེ་འཆང་གང་གི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཉུང་བསྡུས་སྙིང་པོར་དྲིལ་བ་སྟེ་བྲིས་པ་འདི་ཡང་དུང་མདོ་རིག་འཛིན་མཁའ་སྤྱོད་གླིང་ནས་རབ་རྒྱན་ཤིང་བྱའི་དབོ་ཟླའི་དམར་ཕྱོགས་ཀྱི་བཟང་པོ་དང་པོའི་ཉིན་ཉི་ཤར་དགེ་བའི་དུས་སུ་རྗེ་བླ་མའི་སློབ་འབངས་ཡོངས་ཀྱི་གྲལ་མཐའ་བ་གདོང་བན་འཇམ་དབྱངས་བློ་གྲོས་པས་བྲིས་པ་མངྒ་ལཾ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*