ཞིང་གྲོང་ཨ་མ་ཞིག་གི་རྫུན་གཏམ་བརྒྱད།

ཞིང་གྲོང་ཨ་མ་ཞིག་གི་རྫུན་གཏམ་བརྒྱད།

ཡིག་སྒྱུར་བ། གྲུ་ཆུང་།

༡ ཆུང་དུས་སུ་ཁྱིམ་ཚང་ཧ་ཅང་དབུལ་བོ་ཡིན་པས་ཨ་མས་རྒྱུན་དུ་ང་ཚོས་ཟ་མ་ཟོས་ཚར་རྗེས་ད་གཟོད་ཉུང་ཙམ་ལས་ལྷག་མེད་པའི་ཟོས་འཕྲོ་བཟའ། ངས་རྒྱུན་དུ་ཨ་མ་ལ”ང་ཚོ་དང་མཉམ་དུ་མི་ཟ་དོན་ཅི་ཡིན”ཞེས་འདྲི་དུས། ཨ་མས”ཨ་མ་ལྟོགས་ཀྱི་མེད”ཅེས་ཟེར། ད་ལྟ་ཁྱོད་ཀྱིས་ཨ་མས་བཤད་པའི་སྐད་ཆ་དེའི་དོན་གོའམ།

༢ ལུས་པོ་འཚར་ལོངས་འབྱུང་བཞིན་པའི་སྐབས་སུ། ཨ་མ་ལགས་སྡེ་འདབས་ཀྱི་གཙང་འགྲམ་དུ་སོང་ནས་ཉ་བཟུང་སྟེ་ང་ཚོའི་ལུས་པོའི་འཚོ་བཅུད་གསོ། ཉ་ཤ་ཟ་ཐེངས་རེར། ཨ་མས་རྒྱུན་དུ་ལོགས་ཤིག་ཏུ་ཉ་རུས་འཇིབ་བཞིན་འདུག ངས་ཨ་མ་ལ”ཁྱོད་ཀྱིས་ཉ་ཤ་མི་ཟ་དོན་ཅི་ཡིན”ཞེས་འདྲི་དུས། ཨ་མས”ང་ཉ་ཤ་བཟའ་རྒྱུར་དགའ་བོ་མི་འདུག”ཟེར། ད་ལྟ་ཁྱོད་ཀྱིས་ཨ་མས་བཤད་པའི་སྐད་ཆ་དེའི་དོན་གོའམ།

༣ ང་ཚོའི་སློབ་ཡོན་བསོག་ཆེད་དུ་ཨ་མས་མཚན་མོར་ལྷམ་བཟོས། དེ་ནས་ཁྲོམ་རར་སོང་ནས་བཙོངས་ཏེ་སྒོར་མོ་འགའ་རེར་བརྗེ་སྟེ་ཁྱིམ་གྱི་གསབ་དངུལ་བྱེད། ང་རང་མཚན་གུང་དུ་ཡར་ལངས་ཐེངས་རེར་ཨ་མ་ལ”ཁྱེད་ད་དུང་མི་ཉལ་དོན་ཅི་ཡིན”ཞེས་དྲིས་ན། ཨ་མས”ང་ཐང་ཆད་ཀྱི་མི་འདུག”ཟེར། ད་ལྟ་ཁྱོད་ཀྱིས་ཨ་མས་བཤད་པའི་སྐད་ཆ་དེའི་དོན་གོའམ།

༤ ཨ་ཕ་ལགས་ཚེ་ལས་འདས་རྗེས། མི་མང་པོ་ཞིག་གིས་ཨ་མ་ལ་ཡང་བསྐྱར་ཚེ་གྲོགས་ཤིག་འཚོལ་དགོས་ཞེས་ཁ་ཏ་བྱས་ཀྱང་ཨ་མས་དང་ལེན་གང་ཡང་མི་བྱེད་པར་རྒྱུན་དུ་སྐད་ཆ་གཅིག་བཤད་པ་སྟེ”ང་དེ་དག་ལ་དགའ་བོ་མི་འདུག”ཟེར། ད་ལྟ་ཁྱོད་ཀྱིས་ཨ་མས་བཤད་པའི་སྐད་ཆ་དེའི་དོན་གོའམ།

༥ མཐོ་རྒྱུགས་སྐབས་ཉི་འོད་ལ་ཚ་གདུག་རབ་ཏུ་ཆེ་བའི་དུས་སུ། ཨ་མ་ལགས་ཕྱི་རུ་འགྲེང་ནས་ངའི་གཏམ་བཟང་ལ་སྒུག་འདུག ངས་མོའི་ལག་ནས་ཞིམ་མངར་གྱི་ཆུ་དམ་བུ་གང་བླངས་ནས་བཏུང་སྐབས། ཨ་མས་རང་གིས་ཁམ་གང་བཏུང་རྒྱུར་ཡང་སེར་སྣ་བྱས་པ་ངས་ཤེས། ངས་ཨ་མར་སྔོན་ལ་ཁྱོས་ཁམ་གང་འཐུང་རོགས་ཞེས་ཟེར་དུས། ཨ་མས”ང་རང་སྐོམ་གྱི་མེད”ཅེས་ཟེར། ད་ལྟ་ཁྱོད་ཀྱིས་ཨ་མས་བཤད་པའི་སྐད་ཆ་དེའི་དོན་གོའམ།

༦ ང་ཚོས་ཨ་མ་ལ་སྒོར་མོ་སྟེར་ཐེངས་རེར། ཨ་མས”ང་ལ་སྒོར་མོ་ཡོད”ཅེས་ཟེར། ད་ལྟ་ཁྱོད་ཀྱིས་ཨ་མས་བཤད་པའི་སྐད་ཆ་དེའི་དོན་གོའམ།

༧ རྗེས་སུ། ངས་ཕྱི་རྒྱལ་གྱི་ཚན་རིག་ཞིབ་འཇུག་ལས་ཁུངས་ཤིག་ཏུ་བྱ་བ་བསྒྲུབ་ཅིང་ཕོག་ཀྱང་ཧ་ཅང་བཟང་། ངས་ཨ་མ་ལགས་ཚུར་བསུས་ནས་སྐྱིད་ཅིག་རྒྱག་ཏུ་འཇུག་བསམ་ཡང་། ཨ་མས”ང་དེར་ལོབས་ཀྱི་མི་འདུག”ཟེར། ད་ལྟ་ཁྱོད་ཀྱིས་ཨ་མས་བཤད་པའི་སྐད་ཆ་དེའི་དོན་གོའམ།

༨ ཚེ་མཇུག་ཏུ་སྨན་ཁང་གིས་ཨ་མ་ལ་ཕོ་བའི་གཅོང་ནད་ཕོག་ཡོད་པ་ཐག་བཅད་ཟིན། འདས་ཁ་མར་ཨ་མས་མོའི་ཚེ་འདིའི་ཆེས་མཐའ་མཇུག་གི་རྫུན་གཏམ་བཤད་སོང་། མོས”ང་ན་ཡི་མི་འདུག”ཟེར། ད་ལྟ་ཁྱོད་ཀྱིས་ཨ་མས་བཤད་པའི་སྐད་ཆ་དེའི་དོན་གོའམ།

ཨ་མའི་བྱམས་བརྩེ་ཡོད་པས་ད་གཟོད་རྫུན་གཏམ་ནི་འཇིག་རྟེན་འདིར་ཆེས་རླབས་ཆེ་བའི་སྐད་ཆ་ཞིག་ཏུ་འགྱུར་ཐུབ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*