ནང་པ་སངས་རྒྱས་པའི་བཀའ་བསྡུ་ཐེངས་བཞི།

ནང་པ་སངས་རྒྱས་པའི་བཀའ་བསྡུ་ཐེངས་བཞི།

༼བཀའ་བསྡུ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་དེ་དག་སྲུང་སྐྱོབ་དང་ཉར་ཚགས་ཀྱི་ཆེད་དུ་བསྐོང་བའི་ལྷན་ཚོགས་ཤིག་གོ །༽
སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པ་དེ་ནི་ཇི་འདྲའི་ཡིད་ཕངས་ཤིང་གྱོང་གུན་ཆེན་པོ་ཞིག་རེད་ཨང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲངས་ཏེ་ཕྱིར་མི་འོང་དང་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་ཉན་ཐོས་རྣམས་མ་གཏོགས། ཁོང་གི་གདུལ་བྱ་རྣམས་ནི་ཆེས་མྱ་ངན་དང་། སེམས་ཁྲལ། སྡུག་བསྔལ་སོགས་ཀྱིས་ཡོངས་སུ་ནོན་པར་གྱུར་ཏེ་སྨྲེ་ངག་དང་། ཆོ་ངེ། ངུ་འབོད་སོགས་བྱེད་ཀྱིན་འདུག་གོ །
འོན་ཀྱང་ལོ་ན་རྒས་སྐབས་དགེ་འདུན་གྱི་སྡེ་ཁོངས་སུ་འཛུལ་ཞུགས་བྱས་པའི་མ་རབས་ངན་སྤྱོད་ཅན་གྱི་དགེ་སློང་ཞིག་ཡོད་པ་དེ་ནི། སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པ་དེ་ཡིས་དགའ་མགུ་ཡི་རང་བར་གྱུར་ཏེ་ན་རེ། གཅེན་གཅུང་རྣམ་པ་ཚོ། ཁྱེད་ཅག་ངུ་མི་དགོས་ལ་སྡུག་བསྔལ་ཡང་བྱེད་དགོས་དོན་མེད། དུས་ད་ནས་བཟུང་ངེད་ཅག་སློབ་ཚོགས་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ལས་རང་དབང་ཐོབ་པ་ཡིན། གང་ལགས་ཤེ་ན། ཁོང་གིས་དུས་ནམ་ཡིན་ཡང་རང་ཅག་རྣམས་ལ་འདི་བྱས་ན་རུང་བ་ཡིན། དེ་བྱས་ན་མི་རུང་བ་ཡིན། ཞེས་སོགས་གསུངས་ཏེ་ང་ཚོ་ཚང་མ་དུས་རྟག་ཏུ་སེམས་ཁྲལ་དང་བསུན་གཙེར་གྱི་ནང་དུ་གཏད་ཀྱིན་ཡོད། ད་ནི་རང་ཉིད་ཀྱིས་ཅི་ཞིག་བྱ་འདོད་ཀྱང་རང་དབང་གི་སྒོ་ནས་བྱས་ན་འགྲིག་པས་སྡུག་བསྔལ་བྱེད་དགོས་དོན་མེད། ཅེས་བཤད།
སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་བདུན་ཕྲག་གཅིག་ཙམ་ཡང་སོང་མ་སོང་གི་མཚམས་སུ། དགེ་འདུན་པ་ཞིག་གི་ཞལ་ནས་དེ་ལྟར་བཤད་ཀྱི་རེད་སྙམ་པ་བསམ་པའི་ཡུལ་ལ་མེད་ན་ཡང་དེ་ལྟར་བཤད་པ་ལ་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་མའི་གཙོ་བོ་གསུམ་པར་གྱུར་པ་ཉན་ཐོས་ཆེན་པོ་འོད་སྲུང་གིས། དགྲ་བཅོམ་མཆོག་ཏུ་གྱུར་པ་རྣམས་བསྡུ་སྐོང་གནང་སྟེ་སངས་རྒྱས་ཀྱི་གསུང་རབ་རྣམས་སྲུང་སྐྱོབ་དང་ཉར་ཚགས་ཀྱི་ཆེད་དུ་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཞིང་། ཚོགས་འདུ་དེའི་ཐོག་དགེ་འདུན་པ་བསླབ་པ་རྒན་རབས་རྣམས་ཀྱང་གདན་འདྲེན་ཞུས་ཏེ་ཁོང་ཚོའི་བསམ་འཆར་རམ་བླང་བྱ་བཏོན་པ་དང་ལེན་ཞུས། དེ་ལྟར་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ཏེ་ཚོགས་འདུ་དེའི་ཆེད་དུ་དགོས་པའི་ཡོ་བྱད་ཐམས་ཅད་ལེགས་པར་བཤམས་ཤིང་ཕུན་སུམ་ཚོགས་པའི་བཀོད་སྒྲིག་བྱས་ཏེ། ཚོགས་འདུའི་དམིགས་ཡུལ་ལམ་རྒྱབ་ལྗོངས་དག་གསལ་བཤད་ཀྱིས་དགྲ་བཅོམ་པ་རྣམས་རྒྱལ་པོའི་ཁབ་ཀྱི་ས་ཏ་པ་ནིའི་(SATTAPANNI)སྐྱེད་མོས་ཚལ་དུ་ལྷན་འཛོམས་དགོས་པའི་བརྒྱུད་བསྒྲགས་ཞུས།
དེ་ནས་རྒྱ་ཁྱོན་ཆེ་ལ་གུ་ཡངས་པའི་ཚོགས་ཁང་ཞིག་ཏུ་བཞུགས་གདན་ལྔ་བརྒྱ་བཤམས་ཏེ་དགྲ་བཅོམ་པ་བཞི་བརྒྱ་དང་དགུ་བཅུ་གོ་དགུ་གདན་དྲངས། བཞུགས་གདན་སྟོང་པ་གཅིག་ལྷག་ཡོད་པ་དེ་ནི་ཉན་ཐོས་ཀུན་དགའ་བོ་ཡི་ཆེད་དུ་བཤམས། འོན་ཀྱང་ཁོང་ནི་ད་དུང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཞིག་གོ །
ཚོགས་འདུ་དེ་སང་ཉིན་འཚོགས་རན་པའི་དེ་རིང་གི་ཉིན་མོར། ཉན་ཐོས་ཀུན་དགའ་བོའི་ཐུགས་ལ། ཁོ་བོ་ནི་ད་དུང་སློབ་པ་ལམ་གྱི་གནས་སྐབས་པ་ཡིན་པས་དགྲ་བཅོམ་པའི་ལྷན་ཚོགས་དེར་ཞུགས་ན་ཤིན་ཏུ་ནས་མི་འོས་པར་འདུག་ནའང་། ཚོགས་འདུ་དེ་ནི་སང་ཉིད་རང་འཚོགས་གཏན་འཁེལ་སོང་། དེས་ན་ཁོ་བོས་དུས་ཚོད་ཐུང་ངུ་འདིའི་ནང་ངེས་པར་དུ་བརྩོན་པ་བྱས་ཏེ། རང་གི་སེམས་རྒྱུད་ཀྱི་ཉོན་མོངས་པའི་སྒྲིབ་པ་མཐའ་དག་རྩད་ནས་གཅོད་དགོས་དགོངས་ནས། དེའི་མཚན་མོའི་དུས་ཡུན་མང་ཆེ་བར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་བཅོས་ཐབས་ཀྱི་ཉམས་ལེན་དུ་གསུངས་པའི་ནང་ཚན་གྱི་ལུས་དྲན་པ་ཉེར་བཞག་ལ་སྙོམས་པར་ཞུགས་ཤིང་ཉམས་ལེན་ལ་གཞོལ་བར་མཛད།
དེ་ནས་ཐོ་རངས་ཤར་བ་ལ་མངོན་དུ་ཕྱོགས་སྐབས། ད་གཟིམས་དགོས་དགོངས་ཏེ་མུ་མཐུད་ལུས་ལ་དམིགས་པའི་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས། ཁོང་གིས་ཞབས་གཉིས་ས་གཞི་ལས་ཡར་བཀྱགས་ཏེ་དབུ་སྔས་ཐོག་ཏུ་མ་ཕབ་པའི་སྔོན་ཙམ་ལ། ཁོང་གི་ཐུགས་ཀྱི་སྒྲིབ་པ་མཐའ་དག་ལྷག་མེད་དུ་སྤངས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གྱུར་པས། དེའི་ཕྱི་ཉིན་གྱི་དགྲ་བཅོམ་པའི་ལྷན་ཚོགས་སུ་ཕེབས་སོ། །ལྷན་ཚོགས་དེ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ཟླ་བ་གསུམ་གྱི་རྗེས་སུ་འཚོགས་པ་ཞིག་ཡིན་ཞིང་། དེང་སང་ལྷན་ཚོགས་དེའི་མིང་ལ་བཀའ་བསྡུ་དང་པོ་ཞེས་བརྗོད་ཀྱི་ཡོད།
ཉན་ཐོས་ཆེན་པོ་འོད་སྲུང་ནི་བཀའ་བསྡུ་དང་པོའི་སྐབས་ཀྱི་གཙོ་འཛིན་ནམ་མཁན་པོ་དེ་ཡིན་ཞིང་། གནས་བརྟན་ཉེ་བར་འཁོར་ནི་ཆོས་འདུལ་བའི་སྡེ་སྣོད་ཀྱི་དྲི་བ་ཚང་མར་བཀའ་ལན་གནང་མཁན་གྱི་གནས་བརྟན་དུ་བདམས། དེ་བཞིན་ཉན་ཐོས་ཀུན་དགའ་བོ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཆོས་གསུང་ངོ་ཅོག་ལ་ཉན་པའི་སྐལ་བཟང་ཐོབ་ཡོད་ཅིང་། གཞན་དང་མི་འདྲ་བའི་དྲན་ཤེས་བརྟན་པོ་མངའ་བ་ལ་བརྟེན་ནས། ཁོང་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ངག་ཐོག་ནས་སྐྱོར་མཁན་དང་ལྟ་གྲུབ་ཀྱི་གཞུང་ལུགས་ཚང་མའི་དྲི་བར་ལན་འདེབས་གནང་མཁན་དུ་བདམས་སོ། །
ནང་པ་སངས་རྒྱས་པའི་བཀའ་བསྡུ་དང་པོ་དེ་ཡིས་དུས་ད་ལྟ་བར་མི་རབས་ནས་མི་རབས་བྱས་ཏེ་དགེ་འདུན་པའི་ཁྲོད་དུ་བརྒྱུད་འོངས་པའི་པ་ལིའི་སྐད་ཀྱི་སྡེ་སྣོད་གསུམ(PALITIPITAKA)མམ་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས། དང་ཐོག་ནང་ཆོས་དར་སྐབས་དགེ་འདུན་པ་རྣམས་ཀྱིས་གསུང་རབ་རྣམས་ངག་ཐོག་བློ་འཛིན་ཞུས་ཏེ། མི་རབས་རྗེས་མའི་དགེ་འདུན་པ་རྣམས་ལ་སློབ་ཁྲིད་གནང་ནས་ངག་ཐོག་ཏུ་ཞལ་བརྒྱུད་གནང་བ་ཙམ་ལས་ཡིག་ཐོག་ཏུ་ཕབ་པའི་གསུང་རབ་བྲིས་པ་མེད།
དེ་ནས་ཡང་བསྐྱར་ལོ་ངོ ༡༠༠ དང ༢༣༦ གཉིས་ཀྱི་རྗེས་སུ་རིམ་པ་བཞིན་དགྲ་བཅོམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་དག་ཐེར་མཛད་དེ། བསྟན་པ་སླར་གསོ་དང་དེ་ལ་བསྲེ་ལྷད་མི་འབྱུང་བའི་ཕྱིར་བཀའ་བསྡུ་ཐེངས་གཉིས་མཛད།
དེ་བཞིན་སིང་ཧ་ལའི་ཆོས་རྒྱལ་ཝཏྟ་ག་མ་ནིས(SINHALA KING, VATTA GAMANI ABHAYA)རྒྱལ་སྲིད་སྐྱོང་སྐབས་ཏེ་སྤྱི་ལོ་མ་ཚུགས་གོང་གི་ལོ་ངོ ༨༣ ཙམ་ལ། སཱི་རི་ལང་ཀཱ་ནས་ཨ་ལུ་ཝི་ཧ་ར(ALUVIHARA)ཞེས་པའི་གྲོང་གསེབ་ཏུ། དགྲ་བཅོམ་པ་རྣམས་ཀྱིས་སྡེ་སྣོད་གསུམ་ལ་དག་ཐེར་གྱི་བཀའ་བསྡུ་ཞིག་བསྐོང་འཚོགས་གནང་ནས། ཨོ་ལའི་ལོ་མར(Ola leaves)གསུང་རབ་ཡིག་ཐོག་ཏུ་ཕབ་སྟེ་ནང་པའི་སྔོན་བྱུང་ལོ་རྒྱུས་ཁྲོད་ཆེས་ཐོག་མའི་གསུང་རབ་བྲིས་མ་དེ་བྱུང་ངོ་། །སརྦ་མངྒ་ལཾ།། །།

རྩོམ་ཁུངས། ཧི་མ་ལ་ཡའི་འཕྲིན་སྟེགས་ནས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན། 3

  1. བཀའ་བསྡུ་དང་པོ་ནི་སྟོན་པ་མྱ་ངན་ལས་འདས་རྗེས་སྟོན་པས་ཚབ་མཚོན་བཀའ་གང་གནང་པ་ཚོགས་སུ་བསྡུས་པ་ན་དངོས་སློབ་སོ་སོས་ཐོས་པ་རྣམས་ཚོགས་སུ་སྒྲོག་པར་བྱེད་པ་ཙམ་དང་།བཀའ་བསྡུ་གཉིས་པ་ནི་འདུལ་བའི་བཅས་པ་ལ་མི་མཐུན་པར་བྱུང་བས་དེ་ཞི་ཆེད་བཅས་པ་ངོ་མ་གང་ཡིན་བརྟག་ཆེད་ཚོགས་སུ་ཉེ་སློབ་རྣམས་ཀྱིས་སྒྲོག་པ་ཙམ་དང་། བཀའ་བསྡུ་གསུམ་པ་ནི་ད་དུང་མ་མཐུན་ནས་སྡེ་པ་བཅོ་བརྒྱད་དུ་གྱེས་པས་དེ་ཞི་ཆེད་དཔང་གྱུར་བཀའ་རྣམས་སྒྲོག་ཏེ་གླེག་བམ་དུ་བཀོད་པ་ཡིན། དེས་ན་ཐེག་དམན་གྱི་བཀའ་བསྡུ་རིམ་པ་གསུམ་བྱུང་ཡང་གླེག་བམ་དུ་བཀོད་པ་ནི༼སྡེ་སྣོད་གླེག་བམ་བཀོད་འདི་གསུམ་པ་ཡིན༽ཞེས་བཀའ་བསྡུ་གསུམ་པ་སྐབས་ནས་བྱུང་བ་འདྲ་ལ། ཐེག་པ་ཆེན་པོའི་བཀའ་བསྡུ་ནི་ཀུན་བཟང་།འཇམ་དབྱངས། གསང་བདག་བཅས་ཀྱིས་སྔོན་ནུས་བསྟུས་ཀྱང་གླེག་བམ་བཀོད་པ་ནི་ཕྱིས་སུ་བྱུང་བ་བཤད་ན། དེ་ནི་དཔྱིད་གཞི་ཞིག་གོ།

    • བཀའ་བསྡུ་དང་པོ་ནི་སྟོན་པ་མྱ་ངན་ལས་འདས་རྗེས་སྟོན་པས་ཚབ་མཚོན་བཀའ་གང་གནང་པ་ཚོགས་སུ་བསྡུས་པ་ན་དངོས་སློབ་སོ་སོས་ཐོས་པ་རྣམས་ཚོགས་སུ་སྒྲོག་པར་བྱེད་པ་ཙམ་དང་།བཀའ་བསྡུ་གཉིས་པ་ནི་འདུལ་བའི་བཅས་པ་ལ་མི་མཐུན་པར་བྱུང་བས་དེ་ཞི་ཆེད་བཅས་པ་ངོ་མ་གང་ཡིན་བརྟག་ཆེད་ཚོགས་སུ་ཉེ་སློབ་རྣམས་ཀྱིས་སྒྲོག་པ་ཙམ་དང་། བཀའ་བསྡུ་གསུམ་པ་ནི་ད་དུང་མ་མཐུན་ནས་སྡེ་པ་བཅོ་བརྒྱད་དུ་གྱེས་པས་དེ་ཞི་ཆེད་དཔང་གྱུར་བཀའ་རྣམས་སྒྲོག་ཏེ་གླེག་བམ་དུ་བཀོད་པ་ཡིན། དེས་ན་ཐེག་དམན་གྱི་བཀའ་བསྡུ་རིམ་པ་གསུམ་བྱུང་ཡང་གླེག་བམ་དུ་བཀོད་པ་ནི༼སྡེ་སྣོད་གླེག་བམ་བཀོད་འདི་གསུམ་པ་ཡིན༽ཞེས་བཀའ་བསྡུ་གསུམ་པ་སྐབས་ནས་བྱུང་བ་འདྲ་ལ། ཐེག་པ་ཆེན་པོའི་བཀའ་བསྡུ་ནི་ཀུན་བཟང་།འཇམ་དབྱངས། གསང་བདག་བཅས་ཀྱིས་སྔོན་ནུས་བསྟུས་ཀྱང་གླེག་བམ་བཀོད་པ་ནི་ཕྱིས་སུ་བྱུང་བ་བཤད་ན། དེ་ནི་དཔྱིད་གཞི་ཞིག་གོ།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*