སྒ་སྐྱེ་རྒུ་དོན་གྲུབ་གླིང་གི་ལོ་རྒྱུས།

༄༅།།   །སྒ་སྐྱེ་རྒུ་དོན་གྲུབ་གླིང་གི་ལོ་རྒྱུས།

བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་ཆེན་པོ་དུ་མའི་ཡ་གྱལ་དཔལ་ལྡན་ས་སྐྱ་པའི་འཁོན་དཀོན་མཆོག་རྒྱལ་པོ་དང་། དཔལ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ་གཙོས་ས་ཆེན་གོང་མ་རྣམ་ལྔ་སོགས་གདུང་རྒྱུད་འཛིན་པའི་བླ་ཆེན་རྣམ་པས་རིམ་བཞིན་བསྐྱངས་པའི་གཙང་ས་སྐྱ་དགོན་པ་དང་། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས་ད་ལྟའི་བདག་ཅག་གི་རྩ་བའི་བླ་མ་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་བར་མཁན་རབས་དོན་བཞིས་རིམ་བཞིན་བསྐྱངས་པའི་གཙང་ངོར་དགོན་གྱི་ཡན་ལག་ཏུ་གྱུར་པའི་དཔལ་ས་སྐྱའི་ཆོས་སྡེ་ཆེན་པོ་མདོ་སྨད་སྒ་སྟོད་སྐྱེ་རྒུ་དོན་གྲུབ་གླིང་པ་ནི། རུས་ཆེན་བཞི་ཡི་ཡ་གྱལ་སྒ་ཞེས་གྲགས་པའི་དམུ་ཚ་སྒ་ཡི་ཁོངས་སུ་གཏོགས་པ་ཡིན། ད་ལྟ་རྒྱ་བོད་ཡོངས་སུ་གྲགས་པ་སྒ་སྐྱེ་རྒུའི་མི་ལ་སྒ་པའི་མི་དང་། སྒ་ཁོག་གི་མི་ཞེས་གྲགས། དོན་ལ་སྒ་པའི་རུས་ཚོ་ཆེ་དྲུག་གི་ཁོངས་སུ་གཏོགས། ཆོས་སྡེ་ཆེན་མོ་འདིའི་ཆགས་གནས་ནི། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས། རྒྱ་བོད་མི་རིགས་མང་པོའི་འགྲིམ་ལམ། འབྲི་ཀླུང་སྔོན་མོ་གཡོན་ནས་དལ་གྱིས་འབབ་པའི་རྩལ་ཤིས་རྒྱ་གར་ལུང་པའམ་བྱ་ཤུལ་རྒྱ་གར་ལུང་པ་ཡིན། ཡུལ་ཤུལ་ས་ཁུལ་ལ་དགོན་སྡེ་མང་པོ་མཆིས་པའི་ནང་ནས་དགོན་འདི་ནི་ཆེས་སྔོན་དུས་ནས་ཡོད་པའི་གནའ་བོའི་ཆོས་སྡེ་ཆེན་པོ་ཡིན་པའི་རྟགས་མངོན་གསལ་ཅན་མང་པོ་ཡོད་དེ། དེང་རབས་རྒྱལ་ཕྱི་ནང་གི་གནའ་རྫས་ལོ་རྒྱུས་དཔྱད་ཞིབ་སྨྲ་བ་རྣམས་ཀྱིས། ས་འོག་ནས་ཐོན་པའི་དངོས་རྫས་སོགས་ལ་བལྟས་ན་ལོ་གྲངས་མང་པོ་ཡིན་པ་ཤེས་ཐུབ། ས་འོག་ནས་ཐོན་པའི་རིག་རྫས་སོགས་གང་ལ་བརྟག་ནའང་གདོད་མའི་བོད་རིགས་གཡུང་དྲུང་བོན་གྱི་རྗེས་ཤུལ་ཞིག་ཡིན་པ་ངེས་ཏེ། གནའ་མི་རྒན་པོའི་ངག་ལམ་དུ་བོད་ཆེན་པོའི་བཙན་པོ་སྤུ་དེ་གུང་རྒྱལ་གྱི་དུས་སྐབས་སུ་ཞང་ཞུང་གིས་བདག་དབང་བྱས་ཏེ་དར་སྤེལ་གྱི་མགོ་ཚུགས་པ་མ་ཟད་ཆོས་ལུགས་ཀྱང་བོན་གྱི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་བའོ། །

ད་ལྟའི་སྒ་སྐྱེ་རྒུ་ཆོས་སྡེ་ཆེན་པོ་འདི་ལ་སྒ་རྒྱལ་བ་གཡུང་དྲུང་ཞེས་པ་དེས། བོན་གྱི་དགོན་པ་གཉིས་ཕྱག་བཏབ་སྟེ། གཡུང་དྲུང་བོན་པོའི་ཆོས་སྡེ་སྟག་རྩེ་དགོན་དང་གཡུང་དྲུང་གནམ་མཆོང་དགོན་ཞེས་གྲགས་ཆེན་བྱུང་སྐད། དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་མུན་པའི་གླིང་དུ་ཕེབས་ཏེ་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། དམ་པའི་ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་སུ། པ་གོར་བཻ་རོ་ཙ་ན་ཁམས་ཕྱོགས་སུ་ཐེངས་གསུམ་ཆིབས་ཕེབས་གནང་དུས་གྲའུ་བོན་སྡེ་ཆོས་ཞབས་ཚུད་ཅིང་རྙིང་མའི་ཆོས་སྡེ་ཆེན་པོ་ཞིག་གི་གྲུབ་མཐར་འགྱུར་ཏེ། རྙིང་ཆོས་ཤིན་ཏུ་དར་བ་བྱུང་སྐད་དོ། །

ཕྱིས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་ཕྱི་ལོ་༡༢༦༥ལོར་ཁམས་ཕྱོགས་སུ་ཕེབས་གནང་སྐབས་དཔལ་ས་སྐྱ་པའི་གྲུབ་མཐའ་ཞིག་ཏུ་འགྱུར་བའི་རྟེན་འབྲེལ་དུ་སྐྱེ་རྒུ་དགོན་པ་ལ་ཇོ་བོ་བཅུ་གཅིག་ཞལ་གྱི་ཞལ་ཐང་གནང་བ་ད་ལྟ་རྒྱ་ནག་སྤྲུ་སྐུ་སྐུ་ཕྲེང་བདུན་པ་ཀུན་དགའ་རྒྱལ་མཚན་མཆོག་གི་བླ་བྲང་ལ་མཇལ་རྒྱུ་ཡོད་པ་དེའོ། །གཞུང་གི་པུ་ཊ་དང་། ཙནྡན་གྱི་སྒྲོལ་མ་བཅས་འཛམ་གླིང་ན་རིན་ཐང་བྲལ་བའི་རྩ་ཆེན་གྱི་ནང་རྟེན་གནང་། དེའི་སྐབས་གྲའུ་དཔོན་གྱི་མེས་པོའི་རལ་གྲི་སོགས་རིན་ཐང་བྲལ་བའི་དངོས་རྫས་འབོར་ཆེན་ཡོད་པར་མ་ཟད། དཔལ་ས་སྐྱའི་བླ་བྲང་ཆེན་པོ་ཞིག་འཛུགས་པར་མཛད་དོ། །  རིམ་བཞིན་བོད་ཀྱི་རྡོ་རྗེ་གདན་དུ་བཞུགས་པའི་དཔལ་ས་སྐྱའི་བླ་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན་ཁམས་ཕྱོགས་སྒ་སྟོད་སྐྱེ་དགོན་དུ།  ཕྱི་ལོ་༡༣༩༨ལོར་ཆིབས་ཕེབས་གནང་སྐབས་དཔལ་ས་སྐྱའི་ལམ་འབྲས་གཙོས་སྐྱ་སེར་མང་པོ་ལ་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཕབ་པ་མ་ཟད་གྲའུ་དཔོན་མཆོད་འོག་སྡེ་ཁག་གཉིས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཐུགས་ཁུར་འོག་ནས་སྔར་གྱི་ཆོས་སྡེའི་བཟོ་བཀོད་སྟེང་ལ་སྒ་སྐྱེ་རྒུ་དོན་གྲུབ་གླིང་ཞེས་དཔལ་ས་སྐྱའི་གྲུབ་མཐའ་ལ་བསྒྱུར་བ་མ་ཟད། ད་དུང་ལོ་རྒྱུས་སྟེང་དུ་ས་སྐྱའི་ཆོས་སྡེ་ཆེན་མོ་ཞིག་ཏུ་གྲགས་སོ། །

ཡུལ་ཤུལ་ཁུལ་དུ་ས་སྐྱའི་དགོན་པ་མང་པོ་ཞིག་ཡོད་ན་ཡང་དགོན་པ་ཐམས་ཅད་ཀྱི་ནང་ནས་ཆེ་ཤོས་ནི་འདི་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། དགོན་འདིའི་བཟོ་བཀོད་བརྗིད་ཉམས་ཆེ་ཞིང་། གྲྭ་པ་གྲངས་མང་བཞུགས་པ། རིན་ཐང་བྲལ་བའི་རིག་དངོས་ཕུན་སུམ་ཚོགས་པ་དང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་བྱུང་བས་མཚན་སྙན་དགུང་དང་མཉམ་པའོ། །               ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས་གཙུག་ལག་ཁང་འདི་ཐོག་མར་བཞེངས་དུས་རྟེན་འབྲེལ་བརྟག་སྐབས། འདུ་ཁང་བསམ་འགྲུབ་རྒྱ་མཚོ་བཞེངས་པའི་ས་ཆ་འདི་ན་རྒན་མོ་ཞིག་གིས་བ་ཞིག་འཇོ་བཞིན་སྐབས། བ་དཀར་མོ་འདི་ལ་འོ་མ་མང་ཉུང་ཇི་ལྟར་འཇོ་རྒྱུ་ཡོད་དྲིས་པས། བཞོ་ཟོ་བསམ་འགྲུབ་འཁྱིལ་བའི་ནང་དུ་འོ་མ་རྒྱ་མཚོ་ལྟར་གང་འདུག་ཟེར་བ་རྟེན་འབྲེལ་ཤིན་ཏུ་འགྲིགས་ཏེ་གཙུག་ལག་ཁང་འདི་ལ་འདུ་ཁང་ཆེན་མོ་བསམ་འགྲུབ་རྒྱ་མཚོ་ཞེས་མཚན་གསོལ་བ་རྒན་པོའི་ངག་རྒྱུན་ལ་ཡོད་དོ། །དེར་བརྟེན་ནས་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ལ་རྟོགས་ལྡན་བྱང་ཆུབ་འཕགས་དབང་མཆོག་གིས་གཙོ་བོ་འཆར་བཀོད་གནང་བའོ། །སྡེ་དགེ་རྫོགས་ཆེན་དགོན་པས་ཤིང་སོགས་རོགས་རམ་གནང་། འདུ་ཁང་འདིའི་
ནང་ལ་སྔོན་མར་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་སྨོན་གྱིས་གྲྭ་པ་མང་ཉུང་ཇི་ལྟར་ཚོགས་ན་མི་ཆུད་པར་མི་ཡོང་ཟེར་སྲོལ་འདུག སྔོན་མའི་ངག་རྒྱུན་ལ་དགོན་འདིར་གྲྭ་སྟོང་ཕྱེད་ལྔ་བརྒྱ་ཟེར་སྲོལ་འདུག་ཀྱང་དོན་ལ་གྲྭ་པ་ཆིག་སྟོང་ལྷག་ཙམ་ཡོད་པའི་གྲྭ་ས་ཆེན་མོ་ཞིག་ཡིན། གྲྭ་ས་འདིའི་སྔོན་མའི་སྲོལ་རྒྱུན་ལ་གྲྭ་པ་ཞིག་ཡིན་ནས་བཟུང་གཙང་ངོར་དགོན་དུ་བཞུགས་པའི་ངོར་མཁན་ཆེན་ཁྲི་པ་ཞིག་གི་དྲུང་ནས་རབ་བྱུང་བསྙེན་རྫོགས་གཙོས་དཔལ་ས་སྐྱའི་བཀའ་ཆོས་ཞེས་པ་ལམ་འབྲས་གཙོས་སོར་བྱང་སྔགས་གསུམ་གྱི་སྡོམ་པ་ཆ་ཚང་ཞུ་ཟིན་དུས་གཟོད་གྲྭ་པའི་གྲས་ལ་ཚུད་པ་ཡིན། དེའི་སྔོན་ལ་བན་དེ་ཞེས་གྲྭ་པའི་གྲས་ལ་མེད་པའོ། །
དགོན་འདིའི་གཙོ་ཆེ་བའི་མཆོད་གནས། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ལྷ་གུར་གྱི་མགོན་པོ། དཔལ་མགོན་ཞལ་བཞི་པ། དཔལ་ལྡན་ལྷ་མོ་དྲེལ་དཀར་མ། གསང་སྔགས་རྒྱུད་སྡེ་བཞིའི་ལྷ་ཚོགས་དང་། དཔལ་རྡོ་རྗེ་འཇིགས་བྱེད། སྒྲོལ་མ་རང་བྱོན། ས་ཆེན་གོང་མ་རྣམ་ལྔ། ལམ་འབྲས་བླ་མ་བརྒྱུད་པའི་བླ་མ་རྣམས་ཡིན།  སྔོན་ས་ཆེན་གོང་མ་རྣམ་ལྔ་སོགས་ཟངས་གསེར་དང་གསེར་ཞུན་མ་ལས་གྲུབ་པའི་འདྲ་སྐུ་སྣ་ཚོགས། རྟེན་གཙོ་ཀྱེེ་རྡོར་ལི་མ་གཙོས་པའི་༣༤༠༠ལྷག་ཙམ་བཞུགས། བཀའ་བསྟན་འགྱུར་དང་བཅས་པའི་པོ་ཏི་ཆིག་ཁྲི་ཉེ་བ་ཡོད། ཁྱད་པར་དུ་དཔལ་ལྡན་ཆོས་སྐྱོང་གིས་བཞག་པའི་བཀའ་འགྱུར་གསེར་བྲིས་མ་སོགས་རིན་ཐང་གཞལ་ཐབས་བྲལ་བའི་དངོས་རྫས་འབོར་ཆེན་ཡོད་ཀྱང་དུས་འཁྲུག་གི་དབང་གིས་བོར་བརླག་ཟིན་ཏེ་མིང་ཙམ་གྱི་གནས་སུ་གྱུར་པའོ། །
སྐྱེ་དགོན་གྱི་ཡན་ལག་ཏུ་གྱུར་པའི་སྒ་སྐྱེ་རྒུ་དོན་གྲུབ་གླིང་པའི་བཤད་གྲྭ་ནི་ཐོག་མར་ཡིད་ལྷུང་ལྷ་རྒྱལ་དགོན་པའི་སྤྲུལ་སྐུ་ཡིད་ལྷུང་བླ་རྒན་ཞེས་པས་ཇོ་ཁང་ནང་ལ་ཆོས་འཆད་ཉན་བྱས་ཏེ་མཁན་པོ་ནོར་ཚེ་སོགས་མང་པོ་བྱོན། ཕྱིས་སུ་འཇམ་དབྱངས་བློ་གཏེར་དབང་པོ་དང་། རྫོགས་ཆེན་གཞན་དགའ་རིན་པོ་ཆེ་གཙོས་སྐྱེས་ཆེན་དམ་པ་དུ་མ་ཞིག་གིས་སྐྱེ་དགོན་བཤད་གྲྭ་བཙུགས་པར་མ་ཟད་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་བའོ། །བཤད་གྲྭའི་ལྷ་ཁང་དགོན་གཞུང་གིས་བཞེངས་རྒྱུ་བྱས། ནང་རྟེན་གྲའུ་རྣམ་ཚང་གིས་བཞེངས་རྒྱུ་ཐག་བཅད། གཙུག་ལག་ཁང་འདིའི་རྟེན་དང་བརྟེན་པར་བཅས་པའི་བཟོ་བཀོད་དེ་རྒྱ་བོད་གཉིས་ལ་མཚན་སྙན་ཡོད་པའི་མཁས་པ་ཚེ་རྒྱལ་དང་། སྨད་ཤུལ་རུ་ཁོ་རྣམ་གཉིས་ཀྱིས་ལྷ་ཁང་ཕྱིའི་གྲྭ་ཤག་དང་། ར་བ། ར་བའི་སྟེང་ལ་དབྱར་གནས་བཞུགས་སའི་ཁང་པ་བཟོ་དབྱིབས་ཀྱི་རི་མོ་བྲིས་པ། དེར་བརྟེན་ནས་ཝ་ཚང་ཤེར་དགས་གཙོ་བོའི་ལས་འགན་བཞེས་ཏེ་གཙུག་ལག་ཁང་འདིའི་གསེར་གཡབ་དང་། གསེར་ཏོག་བཅས་པ་ལེགས་གྲུབ་བྱུང་བའོ། །དེའི་ནང་དུ་གཏན་བཞུགས་ཀྱི་མཁན་པོ་དང་། ལས་ཚན་གྱི་མཁན་པོ་ཞེས་བླ་དཔོན་གཉིས་ཀྱིས་བསྐོ་དགོས་ཏེ། ཁྱད་པར་གཏན་བཞུགས་མཁན་པོ་ངག་དགའ་ནི་འཇམ་དབྱངས་བློ་གཏེར་དབང་པོའི་རྒྱལ་ཚབ་ཏུ་བསྐོས་ཏེ་ལོ་སུམ་ཅུ་སོ་གཅིག་ཙམ་ལ་དཔེ་ཆ་འཆད་ཉན་ཁོ་ན་གནང་བའོ། །ཁོང་གིས་གསུངས་པའི་འབུམ་པོ་ཏི་ལྔ་ཡི་མཆན་འགྲེལ་དང་། སྤྱོད་འཇུག་མཆན་འགྲེལ། མངོན་རྟོགས་རྒྱན་གྱི་མཆན་འགྲེལ་ཡོད་ཀྱང་དུས་དབང་གིས་ནུབ་ཟིན། ད་ལྟ་བཞུགས་པ་བློ་སྦྱོང་དོན་བདུན་མའི་འགྲེལ་བ་དང་། ཞལ་གདམས་ཀྱི་སྐོར་མང་པོ་བཞུགས། ལས་ཚན་མཁན་པོ་བླ་མ་ཕྲིན་ལས་ཆོས་འཕེལ་ནི། བླ་མ་ངག་དགའ་ཡུན་རིང་བསྟེན་པར་མ་ཟད་སྡེ་གཞུང་ཨ་འཇམ་རིན་པོ་ཆེ་ལ་ལོ་མང་པོ་བསྟེན་ཏེ་མདོ་སྔགས་རིག་གཞུང་ཀུན་ལ་ཕུལ་བྱུང་གི་སྤྱན་ཡངས་མངའ་ཞིང་། ཁྱད་པར་དུ་སྔགས་སྐོར་ལ་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གི་གསུང་ཆོས་ནི་དབུ་མའི་མཐའ་དཔྱད་སྐོར་སོགས་མང་པོ་ཡོད་ཀྱང་དུས་ཟིང་དབང་གིས་ནུབ་ཟིན། སྡེ་གཞུང་བླ་མའི་རྣམ་ཐར་པོད་ཆེན་གཅིག་དང་། མདོ་སྔགས་གནད་གཅིག་ཏུ་དྲིལ་བའི་ཞལ་གདམས་མང་པོ་བཞུགས། མགོན་པོའི་གསང་ཁྲིད། སྡེ་གཞུང་བླ་མའི་ས་ལམ་གྱི་རྣམ་བཞག་དད་བདུན་འདྲེན་པའི་ཤིང་རྟ་ཞེས་པའི་ས་བཅད་སོགས་ཁ་ཤས་བཞུགས་ཡོད། ཁོང་ནི་སྡེ་གཞུང་བླ་མ་སོགས་སྐྱེས་ཆེན་དུ་མས་བྲམ་ཟེ་སྐྱེ་བ་བདུན་པའི་སྐྱེ་ཕྲེང་ཡིན་པ་ངོས་འཛིན་གནང་ཡོད་དེ། ཚེས་བཅོ་ལྔ་དང་གནམ་གང་ལ་ཚུལ་ཁྲིམས་ཀྱི་དྲི་ཞིམ་འདྲ་མིན་གཉིས་འཐུལ་བ་སོགས་ཀྱི་རྟགས་མངོན་གསལ་ཅན་དུ་མ་ཡོད་དོ་ཞེས་སྡེ་གཞུང་བླ་མའི་རྣམ་ཐར་དུ་གསལ། སྟག་སྡེར་བླ་མ་ཚེ་རྒྱལ་ནི། ཡུལ་ཤུལ་ཁུལ་གྱི་སྨན་པ་མཚན་སྙན་ལྡན་པ་ཞིག་ཡིན་ནོ། །
ལས་ཚན་མཁས་པོ་རུ་ཁོའམ་སངས་རྒྱས་རྒྱ་མཚོ་ནི། ལོ་རྒྱུས་མཁས་ཤིང་། རྣམ་པར་སྣང་མཛད་ཀྱི་དཀར་ཆག བོད་ཀྱི་གསོ་བ་རིག་པའི་རིག་དངོས་ཀྱི་དཀར་ཆག་རྩོམ་མྱོང་། ད་དུང་གཞན་བླ་མ་སྐལ་བཟང་རྒྱ་མཚོ། མཁན་པོ་བཀྲ་ཤིས་ཕུན་ཚོགས་གཙོས་མཁས་པ་གྲགས་ཅན་མང་པོ་བྱུང་། དེང་སང་བསྟན་པ་ཡང་དར་གྱི་སྐབས་ཀླུ་ལྡིང་མཁན་པོ་ཐོག་མར་ཕེབས་དུས་སྐྱེ་དགོན་གྱི་མཁན་པོ་བློ་གྲོས་སེང་གེ་བཞག་སྟེ་དབྱར་གནས། གསོ་སྦྱོང་སོགས་གཏན་བཞག་མཛད།ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་རྗེས་མར་འདི་ཕྱོགས་སུ་ཕེབས་དུས། བཤད་གྲྭའི་ལྷ་ཁང་དང་གྲྭ་ཤག་བཞེང་རྟེན་ལ་རླངས་འཁོར་ཆུང་བ་གཅིག སྒོར་མོ་ཁྲི། ནོར་བརྒྱ་སོགས་གནང་། བཤད་གྲྭའི་མཁན་པོར་ཀུན་དགའ་བཟང་པོ་མངའ་གསོལ་མཛད་དེ། སོང་ཟིན་པའི་ལོ་ལྔ་ཙམ་གྱི་རིང་ལ་གཞུང་ཆེན་བཅུ་གསུམ་དང་། རིག་གནས་སྐོར་ཁྲིད་བཞིན་པ་ཡིན། ད་བར་བཤད་གྲྭའི་གྲྭ་ཤག་ཁ་ཤས་དང་ར་བ་བཅས་བཞེངས་ཤིང་། བཤད་གྲྭ་ལྷ་ཁང་ལས་རྩིས་ཀྱིས་ཤིང་རྒྱུ་སོགས་གྲུབ་ཟིན་པ་ཡིན།  སྐྱེ་རྒུ་དགོན་ནང་དུ་བཀའ་དྲིན་ཅན་གྱི་བླ་མ་འཇམ་དབྱངས་བློ་གཏེར་དབང་པོ་རྒྱ་ནག་བླ་བྲང་དུ་སྐུ་གཤེགས་ཤིང་། ཕྱི་ལོ་༡༩༣༧ལོའི་བོད་ཟླ་༡༢ཚེས་༡ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་འདི་རུ་སྐུ་གཤེགས་པ་ཡིན།    སྐྱེ་རྒུ་དགོན་པ་ལ་སྤྲུལ་སྐུ་གསུམ་ཡོད་པ་ལས། གྲའུ་མེར་རྒན་སྤྲུལ་སྐུ་སྐུ་ཕྲེང་བཅུ་དྲུག་ཡིན་པར་གྲགས་ན་ཡང་། ད་ལྟ་མཚན་ཐོ་ཡོད་པ་ནི། ཀུན་དགའ་རབ་བསྟན། ཀུན་དགའ་རིན་ཆེན། ཀུན་འདུས་རིན་ཆེན་ཆོས་འགྲུབ། དབང་མངོན་ཀུན་འདུས་བསོད་ནམས་ཆོས་གྲགས། རིན་ཆེན་ཆོས་ལེགས།  ཀུན་དགའ་གཞོན་ནུ། དཔལ་ལྡན་རིན་ཆེན། རྡོ་རྗེ་ཆོས་རྒྱལ། ཕུན་ཚོགས་རྒྱལ་མཚན། བྱང་ཆུབ་གཞོན་ནུ། རྡོ་རྗེ་འཆང་མཁྱེན། ཀུན་དགའ་རྣམ་རྒྱལ། བྱམས་པ་ཡེ་རྒྱལ། མཆོག་སྤྲུལ་སངས་རྒྱས་བསྟན་འཛིན་བཅས་བཞུགས་སོ། །
གཉིས་པ་དབོན་པོ་སྐྱབས་མགོན་སྐུ་ཕྲེང་བཅུ་གཅིག་ནི། ངག་དབང་ཀུན་དགའ་ཆོས་གྲགས། འཇམ་དབྱངས་ཐུབ་བསྟན་དབང་ཕྱུག མཆོག་སྤྲུལ་རིན་ཆེན་ཆོས་སྐྱོང་། ངག་དབང་བྱམས་པ་ཆོས་དར། མཆོག་སྤྲུལ་ཀུན་དགའ་ཆོས་གྲགས། དབང་པོ་སྐུ་ལུས་བསྟན་དར། འཇམ་དབྱངས་ཐུབ་བསྟན་དབང་པོ། ངག་དབང་ཐུབ་བསྟན་ཆོས་ཀྱི་ཉི་མ་གྲགས་པ་བཅས་སོ། །       རྒྱ་ནག་སྤྲུལ་སྐུ་སྐུ་ཕྲེང་བདུན་ནི། རྟོགས་ལྡན་བྱང་ཆུབ་འཕགས་དབང་། ཀུན་དགའ་བསྟན་པའི་ཉི་མ་རྒྱལ་མཚན། ངག་དབང་བློ་གྲོས་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་ཉི་མ། ངག་དབང་འཇམ་དཔལ། ངག་དབང་སྐལ་བཟང་རྒྱ་མཚོ། མཆོག་སྤྲུལ་ཀུན་དགའ་རྒྱལ་མཚན་བཅས་སོ། །བླ་མའི་སྐུ་ཕྲེང་མཚན་ཐོ་ཅུང་མི་འགྲིག་པས་དེ་ཙམ་མ་གཏོགས་ལོ་རྒྱུས་ཁུངས་ལྡན་མ་མཇལ།  སྤྱི་༡༩༩༣ལོའི་ཟླ་ལྔ་པར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་དང་། ཀླུ་ལྡིང་ཞབས་དྲུང་། ཐར་རྩེ་ཞབས་དྲུང་རྣམས་ཕེབས་ཏེ། ཀླུ་ལྡིང་མཁན་རིན་པོ་ཆེས་ལམ་འབྲས་སློབ་བཤད་གཙོས་བཀའ་དབང་མང་པོ་དང་། ཀླུ་ལྡིང་ཞབས་དྲུང་གིས་སྒྲུབ་ཐབས་བརྒྱ་རྩ། ཐར་རྩེ་ཞབས་དྲུང་གིས་ངོར་ཆེན་བཀའ་འབུམ་གྱི་ལྗགས་ལུང་བཅས་གནང་། ལྗོངས་གཅིག་དང་ཞིང་ཆེན་བཞི་ནས་དགེ་འདུན་ཉིས་སྟོང་ལྷག་ཙམ་འདུས་པ་ལ་དགོན་པས་གསོལ་འདྲེན་གྱ་ནོམ་པ་ཞུས།
ང་བརྒྱད་ལོའི་སྔོན་དུ། རྒྱལ་ཁབ་ཀྱི་ཡིག་ཚང་དུ་གྲྭ་པ་༦༩༩ སྤྲུལ་སྐུ་༣ རྟེན་གཙོ་ཀྱེེ་རྡོར་ལི་མ་གཙོས་པའི་སྐུ་༣༠༠༠ལྷག ཆོས་ཡིག་པོ་ཏི་ཆིག་ཁྲིར་ཉེ་བ། ཞལ་ཐང་༣༠༠ལྷག་ཙམ། ཉེར་མཁོའི་མཆོད་ཆས་སྣ་ཚོགས་༤༡༠༠ལྷག་ཙམ། འདུ་ཁང་ཆེ་ཆུང་བཞི་ལ་ཀ་བ་༡༤༤ ལྷ་ཁང་ཆེ་ཆུང་བཅུ་གཉིས་ལ་ཀ་བ་༡༦༢ གཞན་གྱི་ཁང་པ་ཚོ་གསུམ་ལ་ཀ་བ་༡༨ གྲྭ་ཤག་༧༠༠ལྷག་ཙམ། དེའི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༢༠༤༨༠བཅས་ཡོད། ལོ་གཅིག་གི་གཏན་གྱི་དུས་མཆོད་སྐྱེ་རྒུ་དྲུག་ཅུ་གཙོས་ཉིན་གྲངས་༢༡༩ཡོད། དགོན་པའི་སྒྲུབ་མཆོད་རྟེན་ཐོ་ལ། ཞིང་ཁལ་༢༠༠༠ རྟ་དྲེལ་༥༠༠ ནོར་༢༠༠༠ ར་ལུག་༧༠༠ལྷག་ཙམ་བཅས་སོ། །

༡༩༦༢ལོར་ཆོག་མཆན་ཐོབ་པའི་བླ་གྲྭ་༣༧ སྐུ་འདྲ་༣༣༤ ཞལ་ཐང་༦༤ མཆོད་ཆས་སྣེ་གྲངས་༡༥༠ འཛུགས་སྐྲུན་གྱི་ཐོག་ནས་དགོན་པ་ལ་དབང་བ། འདུ་ཁང་ཆེ་ཆུང་གཉིས་ལ་ཀ་བ་༧༦ གྲྭ་ཤག་༧༠༠ལྷག་ཙམ། དེའི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༡༥༥༢༠ དེའི་སྒྲུབ་མཆོད་རྟེན་ཐོ་ལ་ཞིང་ཁལ་༥༠ ནོར་༥༠ ར་ལུག་༥༠བཅས་སོ། །            ༡༩༨༠ལོའི་ཟླ་༡༠ཚེས་༢༤ཉིན་ཆོག་མཆན་ཐོབ། ཐོག་མའི་སྒོ་འབྱེད་ཆེན་མོ་༡༩༨༡ལོའི་ཟླ་༣ཚེས་༢༣ཉིན་ཡིན། རྒྱལ་ཁབ་ཀྱི་ཆོག་མཆན་ཡོད་པ་གྲྭ་པ་༡༠༠ཡི་ཚད་གཞི་ཡིན། ད་ལྟ་ཀྱེེ་རྡོར་བུམ་སྐུ་ལི་མ་གཙོས་པའི་སྐུ་འདྲ་༡༣༠ ཆོས་ཡིག་པོ་ཏི་༡༩༦༢ ཞལ་ཐང་༡༠༥ མཆོད་ཆས་སྣ་ཚོགས་༡༦༠༠ འདུ་ཁང་བཞེངས་ཟིན་པ་གཅིག་ཀ་བ་༣༦ ལྷ་ཁང་ཚོ་བཞི་ལ་ཀ་བ་༤༠ བྱིངས་ཁང་པ་དྲུག་ལ་ཀ་བ་༢༤ གྲྭ་ཤག་༡༦༠བཅས་ལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༥༢༠༠བཅས་ཡོད། དེ་ལ་ཚོགས་པ་སྐྱེ་རྒུ་དྲུག་ཅུ་ཆེན་མོ་གཙོ་བྱས་པའི་གཏན་ཆགས་ཉིན་གྲངས་༡༡༡ དགོན་པའི་རང་ཁ་རང་གསོའི་རྟེན་ཐོ་ལ་ཚོང་ཁང་༤ མགྲོན་ཁང་ཁང་མིག་༥༦ རླངས་འཁོར་༡ ཤིང་པར་ལས་ཁུངས་༡ ནོར་༢༥ རྟ་༢བཅས་ཡོད་ཅིང་། མཆོད་འོག་སྡེ་ཁག་ནི། སྐྱེ་རྒུ་མདའ་སེང་གཉིས། བྱ་དཔལ་ཐང་གཉིས། གློ་ཡུལ་རུ་བ་དང་། འབིས་སྟོད་ནས་དུད་ཁག་ཁ་ཤས་ཤིག་བཅས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*