རྫོང་སར་བཤད་གྲྭའི་གཞི་རྩའི་དམིགས་ཡུལ་དང་ངོ་སྤྲོད་མདོར་བསྡུས།

གཞིས་བྱེས་གཉིས་ཀྱི་རྫོང་སར་བཤད་གྲྭའི་གཞི་རྩའི་དམིགས་ཡུལ་དང་ངོ་སྤྲོད་མདོར་བསྡུས།

གསུང་མཁན། ༸སྐྱབས་རྗེ་རྫོང་སར་༸མཁྱེན་བརྩེ་རིན་པོ་ཆེ།  སྒྲ་ཕབ་པ། མཐོ་སྒང་བུ་ཕྲུག

    སྤྱི་ལོ་ཉིས་སྟོང་བཞིའི་ལོ་ལ་ཐོག་མའི་དབུ་འབྱེད་བཀའ་དྲིན་བསྐྱངས་གནང་ནས། ད་ལམ་རྟེན་དང་བརྟེན་པ་བཅས་པ་ཧ་ལམ་ལེགས་པར་གྲུབ་པའི་སྐབས་སུ། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸དཔལ་ས་སྐྱ་པ་ཆེན་པོ་གཙོ་འཁོར་ནས་རབ་གནས་དེ་ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའི་སྒོ་ནས་གནང་བའི་དུས་སྐབས་འདི་ལྟ་བུ་ནི་བསམ་ཡུལ་འདས་པའི་དུས་ཁྱད་པ་ཅན་ཞིག་ཏུ་ངོས་འཛིན་བྱེད་དེ། མ་འོངས་པ་ལ་ང་ཚོའི་ལོ་རྒྱུས་ཀྱི་ནང་དུ་འཁོད་དགོས་རྒྱུ་ཞིག་རེད།  ཚང་མས་མཁྱེན་གསལ་ལྟར་དུ་༸འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནི་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་རིས་སུ་མ་ཆད་པ་ཐམས་ཅད་ལ་མཛད་ཆེན་ཅན་ཞིག་ཡིན་པ་རེད། དེ་ཡིན་པའི་ཚུལ་ཡང་། ཕྱོགས་ལྷུག་གི་ལེགས་བཤད་དང་། སྙན་ཚིག་ཙམ་ཞིག་དང་། རིས་མེད་ཡིན་པའི་ཆབ་སྲིད་ཀྱི་ཚིག་གཡོ་སྒྱུ་དེ་འདྲ་མ་ཡིན་པ། ཁོང་གི་མཛད་རྗེས་ལ་བལྟས་བཞག་པ་ཡིན་ན། ཕྱི་ལ་རྟེན་གསུམ་བཞེངས་སྟངས། ནང་ནས་རིས་སུ་མེད་པའི་བླ་མ་ཚུར་བསྟེན་ཚུལ། ཕར་རིས་སུ་མེད་པའི་སློབ་མ་བསྐྱངས་ཚུལ། བསྟན་པ་ཚང་མ་ཐུགས་དམ་ཉམས་བཞེས་གནང་སྟངས། རིས་མེད་ཀྱི་དབང་ལུང་དང་། ཁྲིད་རྒྱུན་སོགས་སྐྱོང་སྟངས། རིས་སུ་མ་ཆད་པའི་གསུང་རྩོམ་ཕྱོགས་སྒྲིག །དེང་སང་ཀུན་གྱིས་མཐོང་རྒྱུ་ཡོད་པ་དང་། 

བེད་སྤྱོད་བཏང་ཆོག་ཆོག་ཏུ་ཡོད་པ་འདི་ལྟར་ཡིན་པས་གཞན་གསལ་བཤད་སྨོས་མི་དགོས་པ་ཞིག་ཡིན་པ་རེད། ང་ཚོའི་བསམ་བློ་ཆུང་ཆུང་ཞིག་གི་ནང་དུ་ཤོང་མི་ཐུབ་པའི་མཛད་པ་དང་ཕྲིན་ལས། བསྟན་པ་དང་སེམས་ཅན་གྱི་དོན་མཛད་ཕྲིན་བསྐྱངས་ཡོད་པའི་ནང་ནས། གནད་ཆེ་ཤོས་གཅིག་དེ་ལོ་བརྒྱ་དང་སུམ་ཅུ་སོ་ལྔ་ཙམ་གྱི་སྔོན་ལ་༸མཁྱེན་བརྩེ་དབང་པོ་ཁོང་དང་། ༸གཏེར་ཆེན་མཆོག་གྱུར་གླིང་པ་གཉིས་ལ་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེ་ཡི་ཉེ་འདབས་ཁམས་ཀྱི་བྱེ་མ་ཐང་དུ་མ་འོངས་པར་བཤད་སྒྲུབ་ཀྱི་སྡེ་གཅིག་བཙུགས་བཞག་པ་ཡིན་ན། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོག་རྒྱ་ཆེན་པོ་ཞིག་ཡོང་བའི་ལུང་སྟོན་སྔ་རྗེས་མང་དུ་བྱུང་བ་བཞིན་དུ། ས་གནས་དེར་རིས་མེད་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༸འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་ལྷན་ཆེད་དུ་བཀའ་གྲོས་མཛད་ཅིང་། གཙུག་ལག་ཁང་གསར་དུ་བཞེངས་ནས། མཚན་ཡང་རིགས་གསུམ་སྤྲུལ་པའི་གཙུག་ལག་ཁང་བཤད་སྒྲུབ་དར་རྒྱས་གླིང་ཞེས་གསོལ་པ་ཡིན་པ་འདྲ། དེའི་སྐབས་དམིགས་གསལ་བཤད་གྲྭ་འདྲ་པོ་བཙུག་མ་ཐུབ་ན་ཡང་། དེའི་རྗེས་ལ་རྗེ་འདི་ཉིད་ཀྱི་ཡང་སྲིད་༸འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་རྗེ་གོང་མའི་ཕྱག་ལས་དེ་མུ་མཐུད་ནས། ཁོང་དེ་དུས་སྐུ་ན་ཕྲ་ཞིག  །བླ་བྲང་གི་དཔལ་འབྱོར་འཁོས་ཀ་སོགས་ཤིན་ཏུ་དམན་པའི་སྐབས་ཡིན་ནའམ།  གཙུག་ལག་ཁང་དེའི་ནང་ལ་ཆོས་ཐོས་བསམ་བྱེད་སའི་སློབ་གླིང་ཞིག་བཙུགས་ནས་ཁམས་བྱེའི་བཤད་གྲྭ་ཞེས་པའི་མཚན་སྙན་གྲགས་ཆེན་པོ་ཅན་དེ་བྱུང་བའི་འགོ་བཙུགས་ཡིན་པ་རེད། ༸མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་གོང་མ་༸འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཡིས་བསྟན་པ་རིས་སུ་མ་ཆད་པ་ལ་ལྷག་བསམ་དང་། མཛད་ཕྲིན་སྐྱོང་རྒྱུ་དེ་༸མཁྱེན་བརྩེའི་རྣམ་ཐར་གྱི་མཛད་པ་གཙོ་བོ་ཞིག་ཡིན་པའི་དབང་གིས་རྩ་བའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེ་དེ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་གནང་མཁན་ཞིག་ཡིན་ན་ཡང་། རྫོང་སར་བཤད་གྲྭ་ཁམས་བྱེ་དེ་ཐོག་མའི་མཁན་པོ་དེ་ལ་སྔ་འགྱུར་རྙིང་མ་པ་རྫོགས་ཆེན་༸མཁན་པོ་གཞན་དགའ་དམིགས་སུ་བཀར་ནས་གདན་དྲངས། བོད་དུ་ཡོད་པའི་གཞུང་འགྲེལ་ཡིག་ཆ་ལ་སོགས་པ་བོད་ཀྱི་ཆོས་ལུགས་ཁག་གི་བཤད་སྲོལ། ལྟ་གྲུབ་ཞལ་གྱིས་བཞེས་སྲོལ། དགག་བཞག་སྤངས་གསུམ་ལ་སོགས་པ་ངོ་མཚར་ཆེ་བ་མང་དུ་བཞུགས་ཡོད་པ་ཡིན་ན་ཡང་། ང་རང་ཚོ་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དེའི་ཁུངས་དེ་འཕགས་ཡུལ་རྒྱ་གར་དུ་གཏུགས་དགོས་རྒྱུ་ཞིག་ཡིན་དུས་བཤད་གྲྭ་དེའི་ནང་དུ་སློབ་ཚན་ཡང་བོད་འགྲེལ་ལས་རྒྱ་འགྲེལ་དོ་གལ་ཆེ་བར་གནང་ནས་༸མཁན་ཆེན་གཞན་དགའ་རིན་པོ་ཆེ་ནས་ཀྱང་དེ་དུས་གཞུང་ཆེན་ཁག་ལ་འཆན་འགྲེལ་མཛད། འགྲེལ་བ་མཛད་པ་དེ་དེང་སང་གི་བར་དུ་ཡང་རྫོང་སར་བཤད་གྲྭའི་སློབ་ཚན་གྱི་སྲོག་ཤིང་ལྟ་བུར་གྱུར་ཡོད།  བཤད་གྲྭ་འདི་ཉིད་འཛུགས་བསྐྲུན་ཐུབ་པའི་གྲུབ་འབྲས་ལ་ཆགས་བཞག་པ་ཡིན་ན་ཡང་། བོད་ཀྱི་ཆོས་ལུགས་ཕྱོགས་རེ་བ་ཙམ་ཞིག་མ་ཡིན་པ། ཆོས་ལུགས་རིས་སུ་མ་ཆད་པ། བོན་དང་བཅས་པའི་བསྟན་པ་ལ་ཕན་ཐོགས་དངོས་སུ་བྱུང་ཡོད་པ། དཔེར་ན་བཤད་གྲྭ་འདིའི་ནང་ནས་ཐོན་པའི་བཤད་རྒྱུན་འདྲ་ཞིག་ལ་ཆག་བཞག་པ་ཡིན་ན། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དེའི་ནང་ནས་ས་སྐྱའི་བཤད་གྲྭ་ཁག་ལ་ཡོད་པའི་གཞུང་ཆེན་མང་པོའི་བཤད་རྒྱུན་དེང་སང་ཉག་མ་ཕྲ་བ་ཙམ་བཞུགས་ཡོད་པ་འདི་ཕལ་ཆེར་རྫོང་སར་བཤད་གྲྭའི་བཀའ་དྲིན་ཡིན་ཟེར་ནའང་ཆོག་གི་ཡོད་རེད།

      བཤད་གྲྭ་འདིའི་ནང་ནས་ཐོན་པའི་ཆོས་འཆད་ཐུབ་པའི་གང་ཟག་ཀྱང་དཔལ་ལྡན་སྐྱ་པ་གཙོ་བོ་གྱུར་པའི་གདན་ས་ཁག་མང་པོ་ཞིག་གི་ནང་དུ། ཕལ་ཆེ་རྩིས་ན་གྲངས་ཀ་དགུ་བཅུ་ཙམ་བགྲང་ཆོག་ཆོག་ཡོད་པ་རེད། ཁམས་བྱེའི་བཤད་གྲྭ་འདི་རིས་མེད་ཀྱི་ཐོས་བསམ་གནང་སའི་ལྟེ་གནས་ཤིག་ཡིན་པའི་རྒྱུ་མཚན་གྱིས་བཤད་གྲྭ་འདི་ནས་བསླབས་པ་མཐར་སོན་པའི་མཁན་པོའི་རིགས་ས་སྐྱ་ཙམ་དུ་མ་ཟད་བཀའ་བརྒྱུད་དང་། རྙིང་མ་སོགས་གདན་ས་ཆེ་ཆུང་ཁག །དེ་ཡང་དུས་རྒྱུན་ཆོས་ལུགས་ཐོག་ལ་དབུ་མཁྲེགས་པོ་ཡིན་མཁན་ཚོས་ཀྱང་།  བཤད་གྲྭ་གཞན་ག་ཚོད་མང་པོ་ཡོད་ན་ཡང་། ཁམས་བྱེའི་བཤད་གྲྭ་ནས་ཡིན་པ་ལ་དམིགས་བསལ་དུ་ཐུགས་བརྩེ་ཆེན་པོར་གནང་གི་ཡོད་པ་དང་། གདེང་ཚོད་ཆེན་པོ་གནང་གི་ཡོད། དེར་རྟེན་སྔར་ནས་ད་བར་མཁན་པོའི་འགན་བཞེས་ནས་ཕེབས་མཁན་དེ་འདྲ་མང་པོ་བྱུང་ཡོད་པས། དེང་སང་སྤྱིར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཕལ་ཆེ་བ་དང་། དེའི་ནང་ནས་རྒྱ་གར་དུ་ཡོད་པའི་ས་སྐྱའི་བཤད་གྲྭ་ཆེན་པོ་གཉིས། གཞན་ཡང་བཀའ་བརྒྱུད་རྙིང་མ་བཅས་ལ་ཁམས་བྱེའི་བཤད་རྒྱུན་འདི་དང་མ་འདྲེས་པ་མེད་ཟེར་ན་འགྲིག་གི་ཡོད་རེད།

    མཐའ་དོན་བོད་གངས་ཅན་ལྗོངས་ལ་ཡོད་པའི་གཞུང་ལུགས་མང་པོ་གཅིག་ལ་འཆད་ཉན་བྱས་ཤིང་བསྟན་པ་ཉམས་པ་སླར་གསོ་རྒྱ་ཆེན་པོ་གནང་ནས་བྱས་རྗེས་གང་མི་ཚད་པ་ཞིག་བཞག་ཡོད་པ་འདྲ། སྤྱིར་སྟངས་ནང་དོན་རིག་པའི་སྐོར་འཆད་ཉན་བྱེད་ས་གཅིག་དང་།  ང་ཚོ་བོད་དུ་ཚད་མ་དང་། ཕར་ཕྱིན་དེ་འདྲའི་གཞུང་ཁ་ཤས་ལ་དོ་སྣང་ཆེན་པོ་གནང་ནས་དེའི་རིགས་གཅིག་དང་གཉིས་ལ་སོགས་པ་རྐང་འཛིན་གནང་ནས་སློབ་གཉེན་བྱེད་པའི་ལུགས་སྲོལ་དང་། མཐུན་རྐྱེན་དེ་འདྲ་ཡག་པོ་ཡོད་པ་ཡིན་ནའང་།  ང་རང་ཚོ་ནང་པ་སངས་རྒྱས་པའི་རྒྱལ་བའི་གསུང་དང་། རྗེས་འཇུག་མཁས་པའི་བསྟན་བཅོས་ལ་འཆད་ཉན་བྱེད་པའི་དམིགས་ཡུལ་མཐའ་ཐུགས་པ་དེ་ཚེ་འདིའི་དཔལ་འབྱོར་དང་། སྙན་གྲགས་ལ་སོགས་པ་ཙམ་མ་ཡིན་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ལམ་སྟོན་དུ་འགྱུར་དགོས་པ་ཞིག་ཡིན་དུས། སློབ་སྦྱོང་བྱེད་སྟངས་ཡང་ཐུན་མོང་མ་ཡིན་པ་ཞིག་ཆགས་ནས་བསྡད་ཡོད་རེད། དཔེར་ན་དཔལ་འབྱོར་དང་། ཚན་རིག །སྐད་ཡིག་ལ་སོགས་པའི་སློབ་ཚན་ནང་ལ་བཤད་རྒྱུན་དང་ལུང་རྒྱུན་སོགས་ཆད་འགྲོ་འོང་སྙམ་པའི་སེམས་ཕྲལ་དགོས་ཡ་ཡོད་མ་རེད། ང་ཚོ་ནང་པ་སངས་རྒྱས་པའི་གསུང་རབ་ནི་དེ་དག་དང་མི་འདྲ་བ། བཤད་ལུང་གི་རྒྱུན་དེ་ཚོ།  དཔེར་ན་ད་ལྟ་དངོས་སུ་འཚོ་ཞིང་བཞུགས་པའི་དགེ་བའི་བཤེས་གཉེན་ནས་ཡར་བརྩིས་དུས་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་བྱུང་བའི་བསྟན་བཅོས་བརྩམས་པ་པོ་མགོན་པོ་ཀླུ་སྒྲུབ་ལྟ་བུའི་བར་དུ་བརྒྱུད་པའི་བྱིན་བརླབས་ཟམ་མ་ཆད་པ་ཡོད་པ་དེ་དག་ལ་དོ་གལ་ཆེན་པོ་ཞིག་བརྩི་དགོས་པ་ཡིན་དུས། རྫོང་སར་བཤད་གྲྭའི་ནང་སྔར་ནས་ད་བར་གཞུང་ལུགས་ཆེ་ཆུང་མི་འདྲ་བ་མང་པོ་ཞིག་སློབ་ཚན་དུ་བཞག་ཡོད་པ་ཡིན་པས། རྩ་བའི་སློབ་ཚན་ཕལ་ཆེར་གཞུང་ཆེ་ཆུང་བསྡོམས་ན་བཞི་བཅུ་ཙམ་ལ་ཐོས་བསམ་གནང་གི་ཡོད།

       བོད་ཁམས་ཕྱོགས་ལ་དུས་ཀྱི་འགྱུར་བ་ཆེན་པོ་བྱུང་ཚར་བའི་རྗེས་སུ་ང་འདྲ་བའི་གང་ཟག་ལ་ཡང་༸མཁྱེན་བརྩེ་སྤྲུལ་སྐུའི་མིང་ཞིག་བཏགས་བའི་དུས་སྐབས་ཤིག་ཚེས་པ་རེད། དེ་ནས་ངས་ཀྱང་དེའི་མཚན་ཁུར་མཁན་ཞིག་ཡིན་པའི་ཆ་ནས་གོང་མ་རྣམ་པ་གཉིས་ཀྱི་རྣམ་ཐར་རླབས་པོ་ཆེ་རེ་རེ་བཞིན་དུ་རྗེས་སུ་འཇུག་མ་ཐུབ་ན་ཡང་། སྤྲུལ་སྐུའི་མིང་ཞིག་ཁྱེར་མཁན་ཡིན་དུས། མི་ཡི་ལད་མོ་ཁྱི་ཡིས་བྱེད་ཟེར་བའི་དཔེ་ལྟར་དུ། རྗེ་གོང་མ་རྣམ་གཉིས་ཀྱི་རྣམ་ཐར་ལད་མོ་ལྟ་བུ་དང་། ཕྱོགས་གཅིག་ནས་དུས་དབང་གིས་བསྟན་པ་ཉག་ཕྲ་བའི་སྐབས་འདི་ལ་རྫོང་སར་ཁམས་བྱེའི་བཤད་རྒྱུན་དང་། ཁམས་བྱེའི་བཤད་གྲྭའི་ཐུན་མོང་མ་ཡིན་པའི་དམིགས་ཡུལ། ཁམས་བྱེའི་བཤད་གྲྭའི་རྣམ་དཔྱོད་དང་བཟོ་བལྟ། ཁམས་བྱེའི་བཤད་གྲྭའི་བསམ་བློ་བཏང་སྟངས་སོགས་ཐུན་མོང་མ་ཡིན་པ་དེ་ཚོ་མི་ཉམས་པའི་ཆེད་དུ་བཤད་གྲྭ་འདི་བཙུགས་ན་བསམ་པའི་བསམ་མནོ་འཁོར་བྱུང་། དེའི་དུས་འཁོར་ལོའི་མགོན་པོ་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱིས་སྔ་རྗེས་མང་པོ་ཞིག་ཏུ་བཀའ་སློབ་དང་། ལམ་སྟོན་གནང་བ་མ་ཟད་ཁོང་གིས་དབུ་ཁྲིད་ཀྱི་སྟེང་ནས་འབྲས་ལྗོངས་ཕྱོགས་སུ་བོད་རྫོང་སར་ཁམས་བྱེ་ནས་ཕེབས་པའི་༸མཁན་པོ་རིན་ཆེན་དང་། ༸མཁན་པོ་བློ་གྲོས་བཟང་པོ་རྣམ་གཉིས་གདན་འདྲེན་ཞུས། ཐོག་མར་བཤད་གྲྭ་ཞིག་བཙུགས་ཐུབ་ནས། དེ་ནས་སླར་ཡང་རྫོང་སར་བཤད་གྲྭའི་བསྟན་པའི་སྐྱ་རེངས་འདྲ་མ་སོང་ན་ཤར་བའི་འགོ་བཙུགས་པ་རེད། དེ་ནས་དེའི་རྗེས་སུ་གཞིས་བྱེས་གཉིས་ཀྱི་བར་དུ་འབྲེལ་ལམ་བྱུང་བའི་འགོ་ཐོག་མ་བཙུགས་པའི་སྐབས་དེ་ལ་སྔར་གྱི་ཁམས་བྱེའི་རྫོང་སར་བཤད་གྲྭའི་༸མཁན་པོ་མཁྱེན་རབ་སེང་གེ ༸མཁན་པོ་ཀུན་དགའ་དབང་ཕྱུག །༸མཁན་པོ་བྲག་གཡབ་པད་དམ་དེ་དང་དེ་ཚོ་ད་ལྟ་ཡང་ཞལ་འཚོ་ཞིང་བཞུགས་པ་དེ་འདྲ་གོ་མ་ཐག་ཏུ་ཁོང་རྣམས་པ་ཐམས་ཅད་ལ་བཤད་གྲྭ་རྒྱ་བསྐྱེད་བྱེད་པའི་ཆེད་དུ་རྒྱ་གར་དུ་ཨུ་ཚུག་དང་ནན་ཏན་བྱས་ནས་གདན་འདྲེན་ཞུས་སྐབས་༸མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་རྒྱ་གར་དུ་ཕེབས་རྒྱུ་དང་། ༸མཁན་པོ་བྲག་གཡབ་པད་དམ་བོད་དུ་བཞུགས་ནས་བཤད་གྲྭའི་རྒྱུན་གསར་དུ་སྤེལ་རྒྱུའི་ཐུགས་འཆར་དེ་འདྲ་བྱུང་སོང་།

དེ་དུས་༸མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་ཁམས་ནས་ཡར་སྐུ་ངལ་བསམ་བློའི་ནང་ལ་ཤོང་མི་ཐུབ་པ་དེ་འདྲ་དང་དུ་བླངས་ནས་འབྲས་ལྗོངས་སུ་བྱོན་པ་ནི་རྫོང་སར་བཤད་གྲྭའི་ཕྲིན་ལས་ཀྱི་ཉི་མ་ཤར་བའི་འགོ་བཙུགས་པ་ཡིན་ཟེར་ན་ཆོག་གི་ཡོད། དེ་ནས་རྗེ་གོང་མ་རྣམ་པ་གཉིས་ཀྱི་ཐུགས་བསྐྱེད་དང་། སེམས་ཅན་གྱི་བསོད་ནམས་ཀྱི་དབང་གིས་མཁན་རིན་པོ་ཆེ་དང་། བཤད་གྲྭའི་མཚན་སྙན་གྲགས་རྒྱས་ནས། ཆུང་ས་ནས་སློབ་པ་དོན་དུ་གཉེར་བའི་སློབ་གཉེར་བ་ཡང་མང་པོ་ཞིག་འདུས། བཤད་གྲྭ་རྒྱ་བསྐྱེད་བྱེད་དགོས་པ་དེ་ཤར་སོང་། ཡིན་ནའམ་འབྲས་ལྗོངས་ཀྱི་ས་གནས་དེ་ས་ཁུལ་ཞིག་ཡིན་པ་དང་། གཞན་ཡང་སྟབས་བདེ་མིན་སྣ་ཚོགས་པ་ལ་རྟེན་ནས་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་ལྔ་ལོ་སྦིར་ཡུལ་དུ་གནས་སྤོས་བྱས་ནས་བཤད་གྲྭ་འདི་ད་ལྟའི་བར་དུ་ཕྱི་ནང་གཉིས་ཀའི་སྟེང་ནས་ལྷ་དང་བླ་མའི་ཐུགས་བསྐྱེད་བཀའ་དྲིན་གྱིས་བར་ཆད་མེད་པ་ཡག་པོ་བྱུང་སོང་བསམ་གྱི་ཡོད།

     སྤྱིར་བཏང་ང་ལ་རྫོང་སར་བཤད་གྲྭའི་བསྟན་པའི་བདག་པོ་ཞིག་གི་མིང་ཞིག་ཡོད་པ་ཡིན་ན་ཡང་། ངས་བཟོས་བཞག་པ་དང་། བྱས་བཞག་པ་གང་ཡང་མེད། རྫོང་སར་བཤད་གྲྭ་གསར་པ་འདིའི་ནང་དུ་ཕྱི་དངོས་པོའི་ཡར་རྒྱས་ཀྱི་ཆེད་དུ་དཔལ་འབྱོར་བསྡུ་བཀོད་གནང་མཁན་གྱི་ཆ་ནས་ཡིན་ནའང་རེད། ནང་སློབ་སྦྱོང་གི་མཁན་པོའི་ལས་འགན་དཔེ་ཁྲིད་གནང་མཁན་གྱི་ཆ་ནས་ཡིན་ནའང་རེད། དེ་བཞིན་དུ་འདི་ཕྱི་གཉིས་ལ་ཕན་པའི་བླང་དོར་གྱི་བཀའ་སློབ་སོགས་གང་ས་ཅི་ཐད་ནས་གཟིགས་པ་དང་། བདག་རྐྱེན་ལྟོས་མེད་དུ་གནང་མཁན་དེ་ནི་༸མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ཉག་གཅིག་ཡིན་དུས། ང་ཚོས་ཁོང་གི་བཀའ་དྲིན་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན། ༸མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་འབྲས་ལྗོངས་ནས་བཤད་གྲྭ་དབུ་བཙུགས་ནས་ད་ལྟའི་བར་དུ་མཁན་པོའི་མཚན་ཡོད་མེད་ག་རེ་ཡིན་ནའང་ཆོས་འཆད་ཐུབ་པའི་དགེ་སྦྱོང་ཁྱོན་བསྡོམས་ཕལ་ཆེར་སུམ་ཅུ་སོ་ལྔ་ལྷག་ཙམ་དང་། དགེ་འདུན་པ་ཡང་སྔོན་ནས་ད་བར་སྟོང་ཕྲག་ལས་བརྒལ་བ་དང་། མི་རིགས་ཀྱང་འབྲུག  །འབྲས་ལྗོངས། བལ་ཡུལ། ཉི་ཧོང་། བྷར་ཛལ། རྒྱ་གར། སོགས་རྒྱལ་ཁབ་འདྲ་མིན། ཆོས་ལུགས་ཀྱང་ཁག་མང་པོ་ཞིག་ནས་ཕེབས་མཁན་དེ་རིང་བར་དུ་མི་དམན་ཙམ་དུ་བྱུང་བ་རེད།

     སྤྱིར་བཏང་ནང་པ་སངས་རྒྱས་པའི་བསྟན་པ་དེ་ཕྱོགས་གཅིག་ནས་བཤད་བཞག་པ་ཡིན་ན་དེང་སང་དུས་ཚོད་སྙིགས་མ་ལྔ་བདོ་བའི་རང་འདང་ཤར་བའི་སྐབས་ཡིན་དུས་མར་ཉམས་འགྲོ་ཡི་ཡོད་རྒྱུ་རེད། ཡང་ཕྱོགས་གཅིག་ནས་བཤད་བཞག་པ་ཡིན་ན། བཤད་སྒྲུབ་སྡེ་གསར་པ་མང་པོ་ཞིག་འཛུགས་པ་སོགས་ཡར་རྒྱས་གང་ལ་གང་འཚམ་འགྲོ་ཡི་ཡོད་རེད། ཚང་མས་གཟིགས་པ་ལྟར་དུ་ང་ཚོའི་བཤད་གྲྭ་འདིའི་གཙུག་ལག་ཁང་དང་།  གྲྭ་ཤག་སོགས་ཕྱི་དངོས་པོའི་སྟེང་ནས་དེ་ལྟའི་བར་དུ་ཡར་རྒྱས་ཨོ་ཙམ་བྱུང་བ་རེད། ནང་སློབ་པ་ཐོས་བསམ་གྱི་སྟེང་དུ་བསམ་མནོ་བཏང་བཞག་ན་ཡང་གོང་དུ་ཞུས་བཞིན། ཕལ་ཆེ་ཆོས་འཆད་མ་ཐུབ་ན་ཡང་བླང་དོར་གྱི་གནས་ལ་མི་དམན་ཙམ་དང་། དཔེ་ཁྲིད་གོ་ཡུལ་ཙམ་མཁྱེན་མཁན་གང་ལ་གང་འཚམ་ཞིག་བྱུང་སོང་ཟེར་ན་འགྲིག་གི་ཡོད། ཡིན་ནའམ་སྤྱིར་བཏང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོག་ཐུབ་ཡ་དེ་མཁས་བཙུན་བཟང་པོའི་རྣམ་ཐར་ཆ་ཚང་བ་ཞིག་དགོས་པ་ཡིན་དུས། བསྟན་པ་དང་སེམས་ཅན་ལ་དངོས་སུ་རེ་རེ་བཞིན་དུ་ད་བར་ཕན་ཐོག་བྱུང་ཡོད་མེད་ཞུ་དཀའ་ལས་ཁག་པོ་རེད། མ་འོང་པ་འདྲ་ཞིག་ལ་བསམ་མནོ་གཏོང་བཞག་པ་ཡིན་ནའམ། སྔོན་སྐུ་གོང་མ་རྣམ་གཉིས་དང་། སྔར་གྱི་བཤད་གྲྭའི་མིག་དཔེར་དུ་བྱེད་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་དགོས་པ་ཞིག་ཡིན་པ་འདྲ། དེ་འདྲའི་བྱ་བ་བྱེད་དགོས་ན་སློབ་སྦྱོང་དེ་ཕྱོགས་སུ་མ་ལྷུང་བ་ཞིག་དང་། ཐོས་བསམ་སྒོམ་གསུམ་ཁ་ཡོད་ལག་ཡོད་གཅིག་གི་ཐོག་ནས་ལྷུ་སྒྲིག་དགོས་པ་རེད་འདུག་ཏེ། དེ་འདྲའི་ཆ་ཤས་གནང་ཐུབ་དང་མི་ཐུབ་ད་གཞི་ནས་བལྟ་རྒྱུ་རེད། སྤྱིར་བཏང་མ་འོང་པའི་སྐད་ཆ་ཟེར་མཁན་དེ་མི་ལ་མངོན་ཤེས་མེད་དུས། མ་འོང་པ་ལ་ཅི་འདྲ་འབྱུང་ཡོང་མིན་མི་ཤེས། ཡིན་ནའམ་རྒྱུ་ཚོགས་ཚང་ཞིང་གེགས་མེད་ན་འབྲས་བུ་དེ་འབྱུང་དུ་རུང་བ་ཡིན་པའི་རྟགས་ལ་བརྟེན། ང་ཚོའི་འཛིན་སྐྱོང་དང་། འགྲོ་སྟངས་ད་ལྟ་ནང་བཞིན་བྱས་པ་ཡིན་ན། ཕལ་ཆེ་ཡག་པོ་ཞིག་རེད་མི་ཡོང་ངམ་བསམ་པའི་རེ་བ་དང་། སྨོན་ལམ་ནི་ངས་རྒྱག་གིན་ཡོད། ཕྱོགས་གཅིག་ནས་སྔོན་མ་འདྲ་ཡིན་ན་སྤྱིར་ནང་ཆོས་དང་། དེའི་ནང་ནས་བོད་བརྒྱུད་ནང་ཆོས་དེ་ལ་དོ་སྣང་དེ་ང་ཚོ་བོད་ཀྱི་མི་རིགས་ཀྱི་ཕྱོགས་ནས་མ་གཏོགས་དོ་སྣང་ཡོད་མ་རེད། དེང་སང་ནི་འཛམ་གླིང་ཤར་ནུབ་ཀྱི་མི་སྣ་མང་པོ་ཞིག་ལ་དོ་སྣང་སླེབས་ཡོད་རེད། དེ་ཡིན་དུས་ང་ཚོ་བོད་ཀྱི་ཀློག་པ་ཐོས་བསམ་པ་དང་། སྤོངས་བ་བསམ་གཏན་པ་ཚོས་ཀྱང་། སྤྱིར་ན་མཉམ་མེད་བུ་རམ་ཤིང་པའི་བསྟན་པ་འཛམ་གླིང་མཐའ་གྲུ་ཡོངས་ལ་སྤེལ་ཐུབ་པ་དང་། ཐ་ན་ནང་ཆོས་ལ་ཡ་མཚན་ཙམ་དུ་འཛིན་པ་ཤར་ནུབ་ཀྱི་མི་དེ་ཚོའི་རེ་བ་སྐོང་རྒྱུ་དེ་བསྟན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན་པའི་དབང་གིས་ང་ཚོའི་ལས་འགན་དུ་ཆགས་ཡོད་པ་ཡིན་དུས།  དེ་ཚོ་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཞིག་ཆག་སྡོད་ཡོད་རེད། དེ་ཚོའི་མཉམ་དུ་འབྲེལ་བ་བྱེད་ནས་རེ་བ་སྐོང་པ་ལ། དེ་ཚོའི་སྐད་ཡིག་དང་། ཚན་རིག །སེམས་ཁམས་རིག་པ། སྐྱེ་བ་སྔ་ཕྱི་ཡོད་མེད། སྐྱེས་བུ་ཚད་མ་ཡོད་མེད་སོགས་བསམ་མནོ་སྟངས་གཏང་ནས་འདྲ་བ་དེ་ཚོ་ལ་ཏན་ཏན་ང་རང་ཚོ་ངོས་ནས་ཀྱང་སློབ་སྦྱོང་བྱེད་དགོས་རྒྱུ་གཅིག་ཆག་གི་ཡོད་རེད། དེ་ཡིན་དུས་སློབ་སྦྱོང་བྱེད་སྟངས་སོགས། གང་ས་ཅི་ཐད་ནས་མ་འོང་པར་བཤད་གྲྭ་འདིའི་ནང་ཏན་ཏན་འགྱུར་བ་ཐེབས་ཀྱི་རེད་དྲན་གྱི་འདུག །དོན་དག་རྡོག་རྡོག་དུས་རྒྱུན་ང་ཚོ་འདི་བསམ་མནོ་གཏོང་གི་ཡོད་རེད། བཤད་གྲྭ་དང་དགོན་པ་ག་རེ་ཡིན་ནའམ་ཇི་སྲིད་འཁོར་བ་མ་སྟོང་ནམ་མཁའ་མ་ཞིག་གིས་བར་དུ་ང་ཚོའི་ལས་ཀ་ལས་སྟངས་དང་། སློབ་ཚན་ཆ་གཞི་བཞག་སྟངས། བསམ་མནོ་གཏོང་སྟངས། ཐ་ན་ཁང་པ་རྒྱག་སྟངས་ཡན་ཆད་ནས་སྔར་མ་ལྟར་ད་ལྟ་ཡང་དེའི་ནང་བཞིན་བྱེད་ནས་སྡོད་ན་བསམ་པའི་བསམ་མནོ་འཁོར་གྱི་ཡོད་རྒྱུ་རེད་དེ། ཡིན་ནའམ་དུས་ཚོད་ཀྱི་འགྱུར་བའི་་རྐྱེན་པས་དེ་འདྲ་ཡོང་དཀའ་ལས་ཁག་པོ་ཡིན་ས་རེད། སློབ་ཚན་གྱི་སྟེང་ནས་ཡིན་ན་ཡང་རེད། སློབ་པ་ཐོས་བསམ་བྱེད་མཁན་གྱི་གང་ཟག་གི་ངོས་ནས་ཡིན་ནའང་རེད། སྒྲིག་གཞི་སོགས་གང་ས་ཅི་ཐད་ནས་ཏན་ཏན་མི་ཡི་བསམ་ཚུལ་དང་བསྟུན་ནས་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུ་རེད་དྲན་གྱི་འདུག  །ཡིན་ནའམ། འགྱུར་བ་ཆེན་པོ་དེ་ལྟར་གང་འདྲ་ཞིག་ཐེབས་སོང་ན་ཡང་། གཙོ་བོ་ང་ཚོ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ། དེ་ཡང་ཁ་ཕོ་རུས་ཙམ་ཞིག་མ་ཡིན་པ། ལག་ལེན་དུ་བསྟར་ནས་རྣམ་མཁྱེན་གྱི་གོ་འཕང་ཐོབ་མ་ཐུབ་ཀྱང་། ཉོན་མོངས་རག་པ་མགོ་ག་ཚོད་ཡིན་ནའམ་མནན་ཐུབ་པ་ཞིག་དང་། བསྟན་པ་དང་སེམས་ཅན་ལ་སྒྲོ་འདོགས་དང་། བཀུར་འདེབས་མེད་པའི་སྲི་ཞུ་ཞིག་སྒྲུབ་ཐུབ་རྒྱུ་དེ་གནད་འགག་ཆེན་པོ་རེད་བསྡད་ཡོད་རེད། དེ་ཡིན་དུས་དེ་འདྲ་སྒྲུབ་ཐུབ་པའི་ཆེད་དུ་༸སྐྱབས་མཆོག་འཁོར་ལོའི་མགོན་པོ་མཆོག་གི་དབུས་རྣམ་པ་ཚོ་ཚང་མས་ད་ལྟའི་བར་དུ་བཀའ་སློབ་དང་དབུ་ཁྲིད་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་ཡང་མུ་མཐུད་ནས་ཐུགས་སྐྱེས་དང་སྨོན་ལམ་རྡོ་རྗེའི་རྭ་གུར་ལས་ནམ་ཡང་མི་འདོར་བར་ཞུ་ཞུ། གསོལ་བ་འདེབས་པ་ལགས།།

     སྤྱི་ལོ་༢༠༡༧/ཟླ་བ་༡༡/ཚེས་༡༡/ཉིན་དབུས་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འགྲམ་ནས་གོ་གྲྭ་ཉི་མ་དབང་ཕྱུག་གམ་དྲ་མིང་དུ་མཐོ་སྒང་བུ་ཕྲུག་འབོད་པ་དེས་རིན་པོ་ཆེའི་གསུང་དེ་དམིགས་གསལ་གྱི་བཀའ་སློབ་གལ་ཆེན་ཞིག་ཏུ་མཐོང་ནས་སྒྲ་ཕབ་ཞུས། དེ་ལ་ནོར་འཁྲུལ་གང་ཡོད་ང་རང་གི་ལན་པས་ངོས་ལེན་བྱེད་ངེས་ཡིན་པ་ལས་མི་གཞན་སུ་ཞིག་ལ་ཁག་དཀྲི་ས་མེད།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*