ཁམས་ཟླ་སྲས། དཔལ་ཡུལ།
དཀར་འཇམ་ཁ་བའི་འདབ་མ་ལྷབ་ལྷུབ་དུ། །
འབབ་པའི་བས་མཐའ་འདི་ཡི་གྲོང་ཚོ་ནས། །
ཁྲེལ་གཞུང་ཕྱི་ཐག་ཅན་གྱི་བུ་མོ་ཁྱོད། །
དམར་ཆུང་སྙིང་གི་དབུས་སུ་ཡང་ཡང་ལྡང་། །
ཁྱོད་ནི་མཁའ་ཡི་ཉི་གཞོན་སེེར་པོ་སྟེ། །
བདག་གི་མུན་པའི་འཇིག་རྟེན་གསལ་བར་བྱས། །
ཁྱོད་ནི་དགུང་གི་ཟླ་བ་དཀར་པོ་སྟེ། །
བདག་ནི་མཚན་ལྗོངས་མཛེས་པའི་རྒྱན་དུ་བཀོད། །
འདི་ན་ཁྱོད་རང་དྲན་པའི་མི་རྐྱང་གིས། །
ངག་གི་འདབ་མ་འཐུ་བཞིན་རྒྱང་རིང་ནས། །
འབོད་པའི་ཀི་བསྭོ་ཚོད་མེད་སྒྲོགས་པ་ཡང་། །
ཁྱོད་ཀྱིས་ལན་ཅིག་ཐོས་པས་ཡིད་ཀྱང་ཚིམ། །
དོ་ནུབ་ཟླ་འོད་མེད་པའི་མུན་ནག་ཁྲོད། །
ངས་ནི་ཁེར་རྐྱང་མལ་ཁྲིའི་གཡས་ཟུར་ནས། །
གཉིད་མ་སད་ཀྱི་བར་ནས་ཁྱོད་ཉིད་ཀྱང་། །
དྲན་པའི་སྣང་བ་འགོག་ཐབས་མ་བྱུང་ལགས། །
ཀ་ཡེ་རྒྱང་ན་གནས་པའི་མཛའ་གཅུགས་ཁྱོད། །
མི་རིང་བདག་དང་འཕྲད་པའི་སྨོན་འདུན་བཅས། །
སྙིང་གི་གཏམ་ཞིག་གླེང་ཁུལ་བྱེད་པ་འདི། །
མ་བཅོས་ཁོལ་དུ་ཕྱུང་བ་ཤ་སྟག་གོ། །
ཁེར་སྐྱེས་སྙིང་ལ་ཉེ་བའི་མེ་ཏོག་ཏེ། །
ང་ཡི་བློ་སེམས་བཅོལ་སའི་ན་ཆུང་མ། །
འུ་གཉིས་སྐྱིད་སྡུག་གང་དུ་འཕྲད་ན་ཡང་། །
མཉམ་དུ་གདོང་ལེན་བྱེད་པའི་དམ་བཅའ་འཇོག །
སྙིང་ཉེ་བའི་མི་ཞིག་བྲིས།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.