ཚུལ་མཁས། མགོ་ལོག
མུ་མཐའ་མེད་པའི་སེམས་ཀྱི་སྟོང་ཁམས་ན།།
གཅིག་པུར་རྒྱུ་བའི་བདག་ཡིད་ཕྲ་མོ་འདི།།
འཁྲུལ་རྟོག་སྒྱུ་མའི་སྣང་ཤེས་མ་རྫོགས་པར།།
འཁོར་འདས་རྨི་ལམ་གཙང་བོའི་རྒྱུན་ལ་བདའ།།
འདི་ན་སད་དཀར་མདའ་མོས་ཕོག་པ་ཡིས།།
སྟོན་མཇུག་ལོ་མའི་ཚོགས་ཀྱང་རླུང་བུས་གཙེས།།
ལང་ཚོ་རྙིད་པའི་འདབ་མ་འདི་ན་འཐོར།།
དེ་ཡང་མི་སེམས་བསྐྱོམས་པའི་རི་མོ་བྲིས།།
ངས་ནི་སྤྱིལ་བུའི་སྒམ་ཆུང་གྲུ་བཞིའི་ནང་།།
ཇ་དམར་ཁ་བཙན་ཆེ་ཡང་ཧུབ་འཐུང་སྟེ།།
ལྷད་མེད་ངག་གི་དཔལ་མོ་དབྱངས་ཅན་མའི།།
སྙན་པའི་ཚིག་གི་བུ་མོ་བག་མར་བསུས།།
ཚོན་གྱིས་སྡེབ་ཁ་བསམ་གཟས་མ་བཙལ་མོད།།
བྲག་གི་རི་བོའི་གཏོས་དང་མཉམ་པ་ཡི།།
སྙན་ཚིག་དེབ་ཀྱི་བསྟར་ཕྲེང་འདི་ན་ངོམ།།
ང་ཉིད་སྙན་པའི་ངག་གིས་བསླུས་སམ་ཅི།།
འདི་ན་མྱི་སེམས་བསླུ་བའི་ཆོ་འཕྲུལ་ཏེ།།
སེམས་ལ་བཏབས་པའི་མེ་ཏོག་ཚོམ་བུ་རེ།།
ཡིད་མཁའི་ན་ཆུང་སྙན་པའི་ངག་ལ་དྲངས།།
དེ་ཡང་ཞེན་ཆགས་མདའ་མོ་སྟོང་ལ་བཞག།
སུ་ཡིས་མ་ཚོར་གང་གིས་མ་མཐོང་བར།།
དུས་ཚོད་ཉི་ཁྲི་ཆིག་སྟོང་རྫོགས་ན་ཡང་།།
ངས་ནི་ཉི་ཟླ་རིས་མོས་འགྱུ་བ་བཞིན།།
དགའ་སྐྱོ་དེ་ཡང་ཡི་གེའི་རིས་སུ་དཔར།།
ཀུན་གསལ་ཡིད་ཀྱི་རྒྱ་མཚོ་དྭངས་མ་རུ།།
སྲིད་པ་སྤྲིན་གྱི་འགྱུ་བའི་གཟུགས་བརྙན་འཆར།།
མཁའ་ལྡིང་གཤོག་རྩལ་འགྲན་པའི་ལྟད་མོ་གཡེང་།།
འདི་དག་སྙན་ཚིག་རི་མོས་རིས་སུ་ཕབས།།
ཡིད་མཁའི་མེ་ལོང་དྭངས་མའི་དྭངས་མ་རུ།།
མ་བཅོས་འཛུམ་པའི་ངག་གི་དབྱངས་ཅན་མ།།
བརྩེ་བའི་ཉམས་ལ་དགའ་བའི་འཛུམ་གྱིས་བྲེལ།།
ཁྱོད་སེམས་བདག་ལ་དབང་ན་ཅིས་མ་ཆོག།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.