མཛེས་པའི་རང་གཤིས་བཙན་པོ།

དགེ་གྲྭ་རྒྱལ། རྫ་ཆུ་ཁ།

མཆོག་གསུམ་ཟླ་བྲལ་བུ་མོ་མཛེས་པའི་དཔལ། །
རིག་པའི་ཤེས་བྱ་དཔལ་ཡོན་རྒྱས་དར་མ། །
འཇོ་སྒེག་གར་གྱི་རོལ་བ་དབྱངས་ཅན་མས། །
རྨད་བྱུང་ངག་གི་དཔལ་ཡོན་བདག་ལ་སྩོལ། །

མཛེས་མཛེས་མེ་ཏོག་ལྡུམ་རའི་ནང་ཚུར་ན། །
གསེར་མདོག་བུང་བ་སྣང་གླུ་འཐེན་པ་ཅན། །
མཁའ་ཡི་མཁའ་ལ་འཕུར་བ་སླ་མོད་ཀྱང་། །
མཛེས་པའི་མེ་ཏོག་མེད་ན་ཨ་ཐང་ཆད། །

བདེ་སྐྱིད་དཔལ་ལ་རོལ་བའི་འདོད་ལྡན་ཚོགས། །
བཙན་དང་རྒོད་པོའི་དབུ་འཕངས་དམན་ལ་གཏུག །
དཔའ་དང་སྙིང་སྟོབས་འཇིགས་བའི་གློ་མེད་ཀྱང་། །
མཛེས་མའི་བདེ་མཆོག་མེད་ན་སྟོབས་ཤུགས་ཉམས། །

རིགས་རྒྱུད་ཧ་ཅང་གཙོ་བོ་འཛིན་བྱས་ཀྱང་། །
མཛེས་མའི་སྒེག་གི་ཕྱི་ཚུལ་མཐོང་ཕྱིར་དུ། །
ཁ་གློ་རབ་ཏུ་འགུག་པས་འཚོར་བ་དེས། །
མཛེས་མ་དམན་རུང་མཆོག་གི་ངལ་གསོ་མཛད། །

མཁས་པའི་ཚུལ་ལ་སྲིད་གསུམ་ཟླ་བྲལ་ཡང་། །
རྒྱུ་འབྱོར་དཔེ་ལ་དཔེ་བཞག་མཚུངས་ན་ཡང་། །
གཡོན་མའི་སྒེག་ལ་ཆགས་པའི་ངང་ཚུལ་དེས། །
ཅང་མེད་དབུལ་བའི་ཚུལ་ལ་འཇུག་ཚུལ་ཡོད། །

དགའ་བྱེད་རྒྱལ་ཐང་སྲིད་གསུམ་ལོན་ན་ཡང་། །
རྒྱལ་སྲིད་སྤུན་སྤྲད་སི་ཏཱའི་ཕྱོགས་འཁོར་འདི། །
སྤུན་ལ་ཞེན་འདང་ཆེ་བ་མ་ཡིན་ཏེ། །
ནགས་ཚུལ་ནང་ནས་སི་ཏཱ་ལོངས་སྤྱོད་ཆེད། །

སློབ་དཔོན་ནག་མོ་ཁོལ་ལ་སྐྱོ་གདོང་ཆེ། །
བློ་ཁོག་མཛེས་མ་ཞེན་བའི་ངང་ཚུལ་དེས། །
སྤྲིན་ལ་སྐད་བཞག་དྲན་ཚིག་སྙན་ངག་བྲིས། །
མྱི་ཆེ་སྨྱོས་པའི་ལོ་རྒྱུས་སྲིན་གསུམ་གྲགས། །

གླིང་རྒྱལ་སེང་ཆེན་སྲིད་གསུམ་མངལ་ཐང་རྒྱལ། །
སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་སྤྲུལ། །
ཨ་སྟག་བུ་མོའི་སྒེག་ལ་ཆགས་དྲག་པས། །
དམྱར་བའི་ཡུལ་ལ་གྲགས་པའི་དཔའ་ཞིག་ངོམ། །

ཀུར་གུར་ཧོར་རྒྱལ་དཔའ་བོ་སྟོང་གི་དཔོན། །
སེང་ལྕང་འབྲུག་མོའི་སྒེག་གི་ཉམས་ཐོས་ནས། །
ལོངས་སྤྱོད་འགལ་རེ་རེ་བའི་འདུན་པ་དེས། །
ཧོར་གླིང་འཁྲུག་པའི་ཕམ་ཁ་མགོ་ལ་བཞག །

བཙུན་པའི་སྡོམས་ཁྲིམས་ཇི་ཙམ་ཐོབ་བཀའ་ཡང་། །
གཡོན་མའི་སྒེག་ལ་མཛེས་པའི་དཔལ་ཡོན་རྒྱས། །
ཆགས་པའི་སེམས་པ་རབ་ཏུ་རྒྱས་འཕེལ་ན། །
སྐྱེས་མཆོག་དམ་པ་མིན་ནས་སྲུང་ཐུབ་སུ། །

སྟོབས་འབྱོར་རྒྱས་པའི་དཔའ་པོ་ཚངས་བ་དེ། །
བྲམ་ཟེས་མ་ཡི་མཚན་ནང་འཛུ་བ་སོགས། །
རྒྱལ་བུ་དོན་འགྲུབ་གྲགས་འཛིན་མ་ལ་ཞེན། །
ཡོད་ཚད་མཛེས་པའི་སྒེག་ལ་ཆགས་པའི་ཚུལ། །

སྲིད་གསུམ་སྐྱེ་དགུའི་ཚོགས་རྣམས་དབང་མེད་འགུག །
དཔལ་བོ་རྒྱལ་པོ་ཡིན་ཡང་འགུག་བའི་གཞི། །
འདོར་ན་འཇིག་རྟེན་ཁ་གློ་བསྒྱུར་མཁན་དེ། །
གཡོན་མའི་སྒེག་གི་ཉམས་འགྱུར་ཁོ་ནའི་ཆོག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*