མཐོ་སྒང་གོ་ལ།

བདེ་ཆེན་ངག་གྲོལ།     འཇོ་མདའ། 

རི་བོ་མཐོ་ས་ན།
གྲང་རླུང་ཆེ་ས་ན།
ངའི་བླ་ཚེ་སྲོག་གསུམ་གྱི་བདག་པོ་མཐོ་སྒང་ཨ།

ཁྱོད་ཀྱིས་ཁོ་ར་ཁོར་ཡུག་ན་རྣམ་ཤེས་ཁྲི་ཕྲག
བྱ་རྒྱལ་རྒོད་པོ་བཞིན་མཁའ་དབྱིངས་སུ་ཅི་ཚད་ལྡིང་མྱོང་།
ལྷོ་མཐའི་ཉི་མ་བཞིན་དུ་དྭངས་གསལ་གྱི་མཚོ་མོའི་ངོགས་ནས།
འོད་ཟེར་ནས་འོད་ཟེར་ཅི་ཙམ་འཕྲོ་ཡོད།

རྒོད་པོ་འཕུར་ཟིན།
ངས་གཤོག་པ་རྐྱོང་སྟེ་ཨ་སྔོན་དབྱིངས་སུ་འཕུར་འདོད་ཧ་ཅང་ཆེ།
འཕུར་ཡང་འཕུར་ས་ནམ་མཁའི་སྐར་མའི་འོག་ན།
ཉི་ཟླ་བཞིན་མཐོ་མ་སོང་།

ལྟོས་དང་དོ་མི་སྙམ་པའི་འཇིག་རྟེན་འདི་ན།
འུ་ཚོས་དཀའ་སྡུག་གི་ཁྲོད་ན་རོ་མྱོང་ཅི་ཚད་བྱ་ཕོད།
མི་ཚེ་འཕོ་འགྱུར་གྱི་ཁྲོད་ན།
ལང་ཚོ་ཇི་ལྟར་བཞད་ཀྱིན་ཡོད།

དཀའ་སྡུག་ཁུར་པོ་རེ་རེ།
ཕྲག་ཏུ་བཞེས་ནས།
འུ་ཚོ་མཐོ་སྒང་ལ་འཚོ་དགོས་པ་ཨེ་ཡིན།
མེས་པོ་ཁྲི་ཕྲག་གི་རྣམ་ཤེས།
མཐོ་སྒང་གོ་ལ།

འུ་ཚོ་འཚོ་དགོས་པ་ཨེ་ཡིན།
གསར་བྱུང་གི་སྙིང་སྟོབས།
རིག་དལ་གྱི་རྣམ་ཤེས།
ཡ་མེས་ཀྱི་བླ་སྲོག
ཕ་སྐད་མ་ཡིག
འུ་ཚོ་འཚོ་དགོས་པ་ཨེ་ཡིན།

ངས་འདི་ལྟར་སྙན་ངག་འབྲི།
ཁ་བ་བོད་པའི་བླ་མཁར་འདི།
འཇིགས་མེད་ཀྱི་རྡོ་ཡིས་རང་བྱོན།
མི་ལོ་ཁྲི་ཕྲག་གི་ལོ་རྒྱུས།

མཐོ་སྒང་གོ་ལ།
དྭངས་གསལ་གྱི་ཁ་དབུགས་རྔུབ་ཐེངས་རེ་རེར།
ཚེ་སྲོག་གི་གསང་བ་གཏོར་གཏོར།
བདེ་སྐྱིད་ཀྱི་དགོད་སྒྲ་འཕར་འཕར།

དབུ་འཕང་དགུང་ལས་མཐོ།
རླུང་རྟ་སྒང་ནས་གཏོར།
ཚེ་སྲོག་གི་སྐྱོར་ཡ་དྲུད་ནས།
རྒོད་པོ་ནམ་མཁར་ལྡིང་།

མཐོ་སྒང་གི་དཔའ་བོ།
རྩྭ་ཐང་གི་མཛེས་སྡུག་འཕྲོག་ནས།
མི་ལོ་ཁྲི་ཕྲག་གི་རྡོ་ཕུང་དེ་ཡང་བསྐྱར་དྲན་སོང་།
མཐོ་སྒང་གོ་ལ་ཡ་མཐོ་སྒང་གོ་ལ་ཡ།

ལྷ་མོ་བཙལ་ནས་བརྙེད་བའི་ལོ་རྒྱུས་ཅི། །

སྙན་གསུངས་དབྱངས་ཚིག་ཆང་གི་བཟི་རྒོད་དེ། །
ནགས་དང་རྩི་ཤིང་ལྡེམ་སྒྲ་མ་ཡིན་ལ། །
རླུང་དང་ཙགས་ཀྱི་བཞུར་སྒྲ་མ་ཡིན་ལ། །
བཙལ་ཡང་བརྙེད་བའི་སེམས་ལ་ཡིད་ཆེས་གང་། །

འཇོ་སྒེག་ཨུ་དམ་ཝ་ར་མ་ཡིན་ལ། །
མཛེས་གདོང་ཆུ་འཛིན་དཀར་པོ་མ་ཡིན་ནམ། །
དཔེ་དང་དཔེ་འཇོག་བྱེད་བའི་ངང་ཚུལ་དེ། །
བསམ་རེ་འཁོར་ན་དྲན་བའི་སྨྱོ་བཤད་ཙམ། །

མི་ཚེའི་ལོ་ཟླ་ཅི་ཙམ་རིང་ན་ཡང་། །
ལྷ་མོ་བརྙེད་པའི་དུས་སྐབས་མི་མཆིས་པས། །
དེ་ཕྱིར་དད་སེམས་མཆོད་བའི་ངེས་འབྱུང་གིས། །
ལྷ་མོའི་བྱིན་བརླབ་འགུག་བའི་ནུས་ཤུགས་ལྡན། །

རྒྱ་གར་སྙན་ངག་སྨྲ་བའི་ནག་མོ་ཁོལ། །
གློ་བོར་མི་ལྡོག་དད་བའི་ངེས་བྱུང་དེས། །
ལྷ་མོས་བྱིན་བསླབ་བསྩོལ་པའི་བར་ཁྲོད་ནས། །
མ་བསྩོལ་དབང་མེད་བྱེད་བའི་དད་སེམས་ངེས། །

འཚོ་བའི་འཚོར་བའི་ནང་ན་མ་བཞུགས་ལ། །
སྒྲ་དང་མཛེས་པའི་ཁྲོད་ན་མི་མཆིས་ལ། །
སྟོང་ཉིད་དད་བའི་ཡིད་ལ་འཁོར་འཁོར་ནས། །
བསམ་རེ་འཁོར་ན་ལྷ་མོ་སེམས་ན་བཞུགས། །

དྲི་དང་ལང་ཚོའི་ནང་ན་མི་བཞུགས་ལ། །
ཡག་དང་བཙོག་པའི་ཁྲོད་ན་མི་འཁོར་ལ། །
མ་བཅོས་དད་བའི་སེམས་ལ་བཞུགས་བསྩོལ་བས། །
བསམ་རེ་འཁོར་ན་ལྷ་མོ་སེམས་ན་བཞུགས། །

བྱིན་བརླབ་བསྩོལ་དང་མི་བསྩོལ་བ། །
རང་རང་སེམས་ཀྱི་རྣམ་རྟོགས་ཙམ། །
དབྱངས་ཕྱུག་ལྷ་མོ་སངས་རྒྱས་ཕྱིར། །
བྱིན་བརླབ་བསྩོལ་ས་གཉེན་དགྲ་མེད། །

ལྷ་མོས་བྱིན་བརླབ་གནམ་གྱི་ཐོག་མདའ་བཞིན། །
སྐད་གཅིག་མྱུར་ལ་བསྩོལ་བ་ལྷོད་ཉམས་མེད། །
མ་བཅོས་དད་བའི་ཡིད་སེམས་དྭངས་གཙང་ན། །
ལྷ་མོས་བྱིན་བརླབ་འདི་ལ་གཉེན་དགྲ་མེད། །

མ་བཅོས་སྒེག་གི་རང་མདངས་དཀར་པོ་ཆུ་འཛིན་དཀར་པོ་ཞེས་ཀྱང་མ་ཡིན་ལ། །
གཞོན་སྐྱེས་ལང་ཚོ་དར་ལ་བབས་པའི་དཔྱིད་དཔལ་བརྗོད་ཀྱང་སྨྱོ་བཤད་ཙམ། །
སྙན་གསུངས་ངག་གི་ཚིག་དང་རོལ་སྐུད་ཁུག་བྱུག་བཞག་ཀྱང་འཁྲུང་སྣང་ཙམ། །
དབྱངས་ཕྱུག་ལྷ་མོ་མཛེས་སྡུག་མཆོག་མངལ་ཟླ་བྲལ་ཕྱིར་ན་དཔེར་མི་མཆིས། །

སྔོན་དང་ད་ལྟའི་བར་ཁྲོད་དུ། །
རྩོམ་དང་ཚིག་གི་བསླུ་བས་འོག །
ཕྲ་མེད་མ་ཡི་སོ་ནམ་བཞིན། །
ཕན་ལས་གནོད་པའི་ནུས་ཤུགས་དྲག །

ད་བཟུང་དད་བའི་བློ་སེམས་འདི། །
རབ་བརྟན་རི་བོ་གྲུབ་འཛིན་ཚུལ། །
དྭངས་གཙང་མཚོ་ཡི་མེ་ལོང་བཞིན། །
ལྷ་མོས་བྱིན་བརླབ་རབ་འཁོར་ཤོག །

ལུས་གཟུགས་ས་ལ་མ་ཟག་བར། །
དད་དང་མཆོད་པའི་ཞབས་ཕྱགས་འཚལ། །
ལྷ་མོས་བྱིན་བརླབ་ཉིན་ཞག་མཚན་ལ་བསྩོལ། །
མཐར་གཏུགས་དབྱངས་ཅན་མ་དང་དབྱེར་མེད་ཤོག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*