ཕ་ཡུལ།

                                                               འཇོ་མདའ་པདྨ།

སྤྲིན་པ་དཀར་ནག་ཉི་མའི་འོད་དང་བསྡེབས།།
བསིལ་རླུང་འཇམ་པོ་རི་ལུང་བར་དུ་ལྡང་།།
ཟླ་འོད་ཟེགས་མས་རྩྭ་རྩེའི་ཟིལ་བ་སྒུལ།།
ཕ་ཡུལ་ལུང་པ་འཇའ་གུར་འོད་བཞིན་མཛེས།།

དྭངས་གཙང་ཆུ་བོའི་རླབས་རིས་ཤིག་ཤིག་གཡོ།།
མེ་ཏོག་སྣ་བརྒྱའི་འཛུམ་ཆུང་ལྷུག་ལྷུག་གྲོལ།།
མཛེས་པའི་ཕ་ཡུལ་འཛུམ་པའི་སྒེག་དཔལ་གྱིས།།
ནམ་མཁའི་སྤྲིན་ཡང་ལྷོག་ལྷོག་སྒུལ་བ་བྱེད།།

གྱེན་འཕྱུར་རི་བོ་མཐོན་པོའི་དགུང་དུ་རེག།
ས་གཞིའི་ཁོད་ཡངས་ནམ་མཁའི་ཁྱོན་ལ་འགྲན།།
རྫ་སྤང་མཚམས་ཀྱི་ནོར་ཁྱུ་སྐར་ལྟར་བཀྲ།།
ལ་ཁའི་རྫི་བོས་སྣ་གླུ་ཤག་ཤག་ལེན།།

ཁྱིམ་མཚེས་གྲོང་རོཊ་མ་གཅིག་བུ་སྤུན་བཞིན།།
མཐུན་པའི་ལམ་དུ་ཞི་བའི་རྡོག་སྣེ་སྤོ།།
སྐྱིད་སྡུག་ཅི་བྱུང་འཛུམ་ཆུང་མཉམ་དུ་བསྟན།།
སེམས་ཚེགས་བྲལ་བའི་ལྷིང་འཇགས་འཚོ་བ་རོལ།།

གཉིད་མི་ཁུག་པའི་མཚན་མོ།

དགུང་གི་ཟླ་བ་རེས་གསལ་རེས་མོག་ཚེས།།
སྐར་མ་རེ་ཟུང་སྤྲིན་ཚོགས་ཕག་ནས་འདར།།
བྱ་ཁྱུ་མི་འདུག་རྒྱང་ནས་རྒྱང་དུ་འཕུར།།
ནགས་ཀྱི་གསེབ་དང་ཡང་ན་ལྗོན་མགོ་རུ།།
ཁྱ་མས་བཟོས་པའི་གནས་མལ་འཚོལ་དུ་ཕྱིན།།

ཁེར་རྐྱང་བདག་ནི་རྡོ་ཁང་ལེབ་མོའི་འོག།
གཉིད་མི་ཁུག་ཅིང་མཚན་གང་འགྲེ་ལྡོག་རྒྱག།
ཨ་མ་འདས་མའི་རྣམ་འགྱུར་མིག་ཏུ་འཁོར།།
ལྷ་སྒྲུང་ལྟ་བུའི་འདས་སོང་བྱ་གཞག་རེ།།
ཁོག་ཏུ་འཛུལ་ནས་སེམས་ཀྱི་གཏིང་མཐའ་བསློཊ།།

གྲང་རླུང་ལྡང་ཞིང་ནམ་ཐག་རིང་བ་ཡི།།
མཚན་མོ་འདི་ནས་རྒྱང་རིང་ཉི་འོད་དྲན།།
ཉི་འོད་འོག་གི་མ་བུའི་ལྷན་འཛོམས་དྲན།།
ལྷིང་འཇགས་འཚོ་བ་ལྷན་དུ་རོལ་བ་དྲན།།
བརྩེ་བའི་འོ་ཇ་མཉམ་དུ་བཏུང་བ་དྲན།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*