སྲུང་འཁོར་གྱི་རྣམ་བཤད་མདོར་བསྡུས།

སྐར་དཔྱད་རྩིས་རིག་སྡེ་ཚན་ནས་བཟོ་སྐྲུན་ཞུས་པའི་སྲུང་འཁོར་གྱི་བཤད་པ་མདོར་ཙམ་གླེང་བ།

སྲུང྄་ཞེས་ལེགས་སྦྱར་ལྷའི་སྐད་དུ་རཀྵ་དང་འཁོར་ལོ་ཞེས་ཙཀྲ་དོན་དུ་འཇིག་པ་ལས་སྲུང་བའི་འཁོར་ལོ་ཞེས། སྲུང་འཁོར་གྱི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཅིང་དེ་ལས་ནད་གསོ་བ། སྲུང་བ། བཀྲ་ཤིས་པ། འབྱུང་བའི་འཕེལ་ཟད་འཁྲུགས་པ་རྣམས་སྙོམས་པའི་ནུས་པ་དང་ལྡན་ཡོད། འདི་ག་སྡེ་ཚན་གྱི་སྲུང་འཁོར་རྣམས་རབ་གནས་དང་ཕྱིན་རླབས་ཀྱི་ཕྱུག་ཅིང་གཙུག་ལག་འབྱུང་རྩིས་རིག་པའི་དགོངས་དོན་བཞིན་བཟོ་སྐྲུན་ཞུས་ཡོད། འབྱུང་བ་ལྔ་ནི་ཤིང་། མེ། ས། ལྕགས། ཆུ་ལྔ་ལ་གོ། སྲུང་འཁོར་ལ་རྩ་བའི་འཁོར་ལོ་འབྲི་ཚུལ། འདྲིལ་སྟངས། རབ་གནས་བྱ་ཚུལ། སྨོན་ཚིག དེ་བཞིན་བྱེ་བྲག་སོ་སོའི་ཁ་བསྒྱུར་བྱ་ཚུལ་སོགས་ཡོད། སྲུང་ཁོར་ཤོག་བུ་སྟེད་མུ་ཁྱུད་དུ་མ་ལས་གཙུག་ལག་གཞི་མོ་མཧཱ་གསེར་གྱི་རུས་སྦལ་ཆེན་པོ་དང་། ལོ་རྟགས་བཅུ་གཉིས་སྔགས་སྨེ་བ་སྤར་ཁ་ལ་སོགས་པའི་སྲུང་འཁོར་བྱེ་བྲག་སོ་སོའི་སྨོན་ཚིག་བཀོད་ཀྱི་ཡོད།  དེ་བཞིན་སྲུང་འཁོར་ལྟེབ་ཚུལ་འབྱུང་ལྔའི་སྐུད་པའི་འདྲིལ་སྟངས་བཅས་ཀྱི་ཁྱད་ཆོས་ཡང་ལྡན་ཡོད། འབྱུང་ལྔའི་མདོག་དང་ལྡན་གྱི་སྐུད་པས་སྲུང་འཆིང་རྒྱབ་པའི་སྐབས་ཕྱི་རུ་དགྲ་དེད་དུ་འཇོག་དགོས་པ་ནི་གནོད་པ་ལ་སོགས་དགྲ་རྣམས་ཕྱི་ལ་འདོན་པ་དང༌།ནང་དུ་གྲོགས་དེད་ཡིན་པས་གྲོགས་དང་འཕྲིན་ལས་ནང་དུ་འགུག་པའམ་བསུ་བའི་དགོས་པ་ཡོད། སྐར་རྩིས་པས་ཚེ་རྩིས་ཀེག་རྩིས་ནད་རྩིས་བག་རྩིས་ལ་སོགས་པའི་རྩིས་འབྲས་ལ་ཞིབ་ལྟ་བྱས་ཏེ་བརྩི་བྱའི་སྲོག་ལུས་དབང་ཀླུང་གི་འབྱུང་བ་ཉམས་པའམ་ཡང་ན་དབྱངས་འཆར་ལས་ལུས་ནོར་སྤུན་གྲོགས་ལ་སོགས་པའི་ཁྱིམ་བཅུ་གཉིས་ནང་གཟའ་དགྲར་ཤར་བ་རིགས་ལ་སྲུང་འཁོར་འདོགས་དགོས་བཅས་ལམ་སྟོན་བྱ་ཡི་ཡོད།གཞན་ཡང་མི་སྒེར་སོ་སོའི་དགོས་དབང་ལ་དམིགས་ཏེ་སྲུང་འཁོར་འདོགས་ནའང་སྒྲིག  

རྒྱུན་སྲོལ་དུ་སྲུང་འཁོར་ནི་སྐེ་ལ་འདོགས་དགོས་ཀྱང་དེང་སྐབས་ཁུག་མ་དང་སྔས་དེ་བཞིན་ཁྱིམ་གྱི་སྒོ་ལ་བཀལ་སྲོལ་འདུག གང་ལྟར་རང་ཉིད་ཀྱིས་བརྩི་སྲུང་དང་ཡིད་ཆེས་བྱ་དགོས་པ་ལས་གོས་ཐུང་རྒྱབ་ཀྱི་སྦ་ཁུག་དང་ས་ཆ་གང་བྱུག་འཇོག་མི་རུང་།  གཤམ་དུ་སྡེ་ཚན་ནས་བཟོ་སྐྲུན་ཞུས་པའི་སྲུང་འཁོར་གྱི་གྲངས་དུ་མ་ལས་སྐབས་འདིར་དགོས་གལ་ཆེ་བའི་སྲུང་འཁོར་ཁག་གི་སྐོར་ངོ་སྤྲོད།། 

༡། འཇམ་དབྱངས་འསྲུང་འཁོར། ༢། ཉེས་པ་ཀུན་ཐུབ་ཀྱི་སྲུང་འཁོར། ༣།དམིགས་བསལ་སྲུང་འཁོར་ལས་སྲོག་བསྐྱེད། ལུས་བསྐྱེས། དབང་བསྐྱེད། ཀླུང་བསྐྱེད་ཀྱི་སྲུང་འཁོར། ༤། ཀེག་བཟློག་སྲུང་འཁོར། ༥། བདུན་ཟུར་སྲུང་འཁོར། ༦། བཞི་གཤེད་སྲུང་འཁོར། ༧། སྨེ་བ་གཉིས་ནག་སྲུང་འཁོར། ༨། རིམས་སྲུང་།  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*