གྲོགས་པོ།

࿑ གྲོགས་པོ།

ཡུལ་གྲོགས་མཁའ་ཁྱབ་རྡོ་རྗེ་ལ་བྲིས་པ།

སྔོན་གྱི་ཉེར་ལེན་གང་གིས་མཐུ་ཡིས་ནི།།
ངེད་གཉིས་སྡེ་པ་གཅིག་ལ་ལྟེ་ཁྲག་འཐོར།།
དེའི་ཡང་མ་ཚད་ཕན་ཚུན་སེམས་སུ་ནི།།
སྐད་ཆ་གློད་དེ་སེམས་གཏམ་ཉར་སར་གྱུར།།

ལས་ཀྱིས་བརྐོས་པའི་རི་མོ་མ་གཅིག་པས།།
ང་ཅག་མཚར་སའི་སྐྱེད་ཚལ་སོ་སོར་གྱེས།།
སེམས་གཏམ་མང་པོ་ལོ་ཟླས་བསྲེགས་ནའང་།།
གདུང་བ་ཁོག་ལ་མིད་ལས་བྱ་ཐབས་གང་།།

ལོ་ན་གཞོན་པའི་སྣང་བ་མཐོན་པོ་ཡིས།།
རྟོགས་པ་སད་པའི་ང་རོ་འདོན་ནའང་།།
གཏན་ཚིགས་ཙམ་གྱིས་རང་གར་ལབ་རྐྱང་མིན།།
གཏན་ཚིགས་གཏན་ཚིགས་བསྡུར་ཏེ་ཞིབ་ཏུ་ཤོད།།

དེང་སྐབས་སྤྱི་ཚོགས་འདི་ནི་ཤིན་ཏུ་ཉོག།
དྲང་མོའི་ཚིག་གིས་ལམ་སྟོན་བྱེད་པ་དག།
ཁྲམ་པ་ཡོན་པོ་ཉིད་དུ་འཁྲུལ་མཁན་མང་།།
ཟོག་པོ་ཡོན་ཏན་དབུལ་བ་མང་པོ་བྲིན།།

དེ་བས་རང་གི་ཤེས་རབ་གནད་ཕོབས་ལ།།
གཞན་གྱི་ཚིག་འགྲོས་ཙམ་ལ་མ་ཞེན་ཀྱེ།།
ཕ་རྒྱུད་བཟང་པོ་ཞིག་གི་བུ་རབས་ཁྱོད།།
སུས་ཡང་བསྒྱུར་དུ་མེད་པའི་སྒལ་ཚིགས་དགོས།།

ལོ་མང་ཤེས་བྱའི་བདུད་རྩི་འཐུང་བ་དང་།།
མཐོང་ཐོས་མྱོང་བའི་ཚོར་བ་ཟབ་མོ་དག།
མི་ཚེ་འཚོ་བའི་ཀ་བ་ཉིད་དུ་བྱོས།།
དགའ་སྤྲོའི་སྣང་བ་ཡལ་བ་མེད་པར་མཛོད།།

མང་པོ་མི་འབྲི་ཚིག་དོན་བསྡུས་ཏེ་བྲི།།
མང་པོ་མི་གླེང་འུ་གཉིས་འབྲེལ་བ་གླེང་།།
མང་པོ་ལབ་ཀྱང་མང་པོའི་དགོས་པ་དབེན།།
དེ་བས་ང་ཅག་མཚར་བའི་བརྒྱུད་རིམ་བཤད།།

ཤེས་བྱ་དབྱར་གྱི་སྤང་ལྗོངས་ལྟ་བུའི་ཚལ།།
སྣ་ཚོགས་པད་མ་འགྲན་པ་ལྟ་བུའི་ཁྲོད།།
རང་ཉིད་གང་ལ་བབས་པའི་རིག་པའི་གནས།།
དང་དུ་བླངས་ཏེ་སྤྲོ་བས་འབད་པར་རིགས།།

འདི་ཉིད་ལ་རྒྱ་ཡིན་ལ་མི་རིགས་ཡིན།།
འདི་ཉིད་ཡོད་ན་ཁྱེད་ལ་ང་རྒྱལ་ཡོད།།
འདི་ཉིད་རྒུད་ན་ཁྱོད་ཉིད་རྒུད་པ་ཡིན།།
འདི་ནི་ཁྱོད་ཀྱིས་སྲུང་དགོས་སྡོམ་པ་ཡིན།།

ད་ནི་ཆིངས་ཀྱི་ཚུལ་དུ་བཤད་པ་ན།།
གུ་ཡངས་དཀྱེལ་ཡངས་བསམ་པའི་སྡོང་པོ་ལ།།
སྐྱི་སེར་རླུང་གིས་མི་ཚུགས་རང་ཚིགས་གཙོ།།
བསམ་བཟང་གུས་ཞབས་ལྡན་པ་མཛེས་པའི་རྒྱན།།

ཟེར་སྒྲོས་སྣ་ཚོགས་བཏུས་ཏེ་མཁས་རློམ་དང་།།
རང་ཉིད་བོར་དང་འགན་འཁྲི་མེད་པའི་ཚིག།
ཆོ་མེད་འཚོ་བས་མི་ཚེ་རོལ་བ་སོགས།།
དེ་དག་སྤངས་ཏེ་རང་བརྟན་རང་ཆོས་ཤིག །

བོད་རབ་རྒྱན་ལྕགས་གླང་ལོའི་ཧོར་ཟླ ༡༢ པའི་ཚེས ༡༤ ཡི་དཀར་ཕྱོགས་སུ་གྲོགས་པོས་བསྐུལ་བ་ལ་གསང་ཆེན་འོག་མིན་སྨིན་གྲོལ་གླིང་གི་རང་ཤག་ཏུ་སྦྱར་བའོ།།

ངག་སྨྲ་བའི་མེ་ཏོག

ཁྱེད་ཀྱི་མཉེས་གཤིན་ཆེན་པོ་ཡིས།།
སྤྱན་གྱི་གཡོ་ལ་འགུལ་ཙམ་བྱེད།།
ང་རང་ཤིན་ཏུ་རང་ཉིད་ལ།།
ཡིད་མི་ཆེས་བཞིན་རྨོངས་བར་གྱུར།།

ཕྱག་གི་སོར་མོས་འགྲོས་ཤིག་འཁྲོལ།།
བརྗོད་བྱའི་སྟོང་བའི་གཞས་ཤིག་བཏོང་།།
ང་རང་དེ་ནས་ཧད་དེ་ལུས།།
རྟོག་ཚོགས་དག་ཀྱང་འགག་པར་གྱུར།།

འཇིག་རྟེན་འདི་ཡི་མཛེས་སྡུག་ནི།།
སྒོ་ལྔའི་ཡུལ་དུ་རིང་བ་ཉིད།།
ཚིག་གི་ཐེག་པར་མི་ནུས་པའི།།
མཛེས་པས་མགྲིན་པར་འདར་བ་བསླང་།།

ཁྱེད་ཀྱི་ངག་ཏུ་བཞད་པ་ཡི།།
མེ་ཏོག་དག་གི་དྲི་བསུང་ནི།།
ཕྱོགས་སུ་རླུང་བུས་གཏོར་བྱས་ཀྱང་།།
གཡོ་མེད་སྤྱན་ལ་ཞི་བ་འཁྱིལ།།

ཁྱེད་ཀྱིས་ང་ལ་སྙིང་གཏམ་གློད།།
མཚོན་དུ་མེད་པའི་གཏམ་ཞིག་གླེང་།།
ང་རང་རྨོངས་ཞིང་དད་པ་ཡིས།།
མིག་གི་མདངས་སུ་བྱིན་རླབས་ཆགས།།

སེམས་སུ་མུན་པ་དྲག་ཏུ་འཕྱུར།།
རང་ཉིད་བོར་སྟོར་བྱུང་ངམ་ཅི།།
འཇའ་འོད་ཟེར་གསུམ་མ་མཐོང་བར།།
དེ་ལས་གཞན་གྱི་མཛེས་པ་མཐོང་།།

སྙན་ངག་ཟེར་བ་མི་འབྲི་སྟེ།

མཚན་ལྡན་བླ་མ་ཞིག་དང་མ་མཇལ་ཞིང་།།
གདམས་པ་གསེར་ནག་འདྲ་ཡང་མ་ཐོབ་ཅིང་།།
དད་པས་གནས་སྣང་མཐོང་བ་མ་བྱུང་ན།།
འཁོར་འདས་འབྱེད་པའི་མགུར་ཞིག་ཇི་ལྟར་བཞེངས།

ཅོག་བཞག་བཞི་ལ་གདེང་ཞིག་མ་འབྱོངས་ཤིང་།།
རིག་པའི་བུ་ཆུང་རྩལ་ཁ་མ་བཏུལ་ཞིང་།།
ཡེ་གྲོལ་གཉུག་གཤིས་རྫོགས་སྟངས་མ་རྟོགས་ན།།
དབུ་མའི་ཐོལ་གླུ་ཞིག་ནི་ཇི་ལྟར་ལེན།།

དབྱིངས་ཐིག་རིག་པའི་རྩེད་འཇོ་མ་མཇལ་ཞིང་།།
བཞུགས་སྟངས་མང་པོས་གཟེར་ཡང་མ་བཏབ་པར།།
ལྷུན་གྱིས་གྲུབ་པའི་ཡིན་ལུགས་ཇི་ལྟར་ཤེས།།
མི་འཇིགས་སྤོབས་པའི་དབྱངས་ཤིག་ཇི་ལྟར་འགུག།

དཀའ་སྡུག་འཚོ་བའི་ཁྲེས་པོ་མ་ཁུར་ཞིང་།།
མི་སེམས་མི་ཡིས་རྨས་པ་མ་མྱངས་ཤིང་།།
གར་ཆུང་རྩེད་མོར་གཡེང་ནས་བསྡད་པ་ན།།
མི་སེམས་གཡོ་བའི་སྙན་ངག་ཇི་ལྟར་འབྲི།།

ཆུང་མའི་མཛའ་བརྩེ་ཟབ་མོ་མ་ཐོབ་ཅིང་།།
ཁྱེའུ་ཆུང་གཅེས་དགོད་བརྟས་པ་མ་མཐོང་བར།།
ཕལ་བའི་འཚོ་བ་ངན་ངོན་ཙམ་ཞིག་གིས།།
སྙན་ངག་མེ་ཏོག་འཁྲུངས་བ་ཇི་ལྟར་ལགས།།

མཛའ་མོས་བསྐྱུར་བའི་སྡུག་བསྔལ་མ་ཚོར་ཞིང་།།
སྐྱོ་གདུང་མཆི་མའི་བྲོ་བ་མ་མྱངས་བར།།
ཡིད་སེམས་སྐྱོམས་པའི་རྩལ་ཞིག་གང་ནས་ཡོང་།།
སྙན་ངག་གསོན་པོ་ཞིག་ཡང་ཇི་ལྟར་འབྲི།།

སྐྱེ་འཇིག་ཕྲན་བུའི་མཛེས་པ་མ་མཐོང་ཞིང་།།
འབྲལ་དང་གྱེས་པའི་གདུང་བས་མ་ནོན་པར།།
མི་སེམས་བཟི་པའི་སྙན་ངག་མི་འབྲི་སྟེ།།
ནད་མེད་འཁུན་སྒྲ་བཏང་ན་ཇི་ལྟར་མཛེས།།

མགར་ཆང་སིང་། (གཡུ་ཁོག)

སེམས་ཉིད་བྲིས་ན།

སྟོད་ཆ།

སེམས་ནི་ས་ཏེ་རྟེན་བརྟན་འཐས་པ་འོ།།
སེམས་ནི་ཆུ་སྟེ་གྲང་མོ་ཆུའི་རང་བཞིན།།
སེམས་ནི་མེ་སྟེ་དྲག་ཏུ་འབར་བར་གྱུར།།
སེམས་ནི་རླུང་སྟེ་འཁོར་འདས་གཉིས་སུ་རྒྱུ།།

དེ་བཞིན་སེམས་ནི་ཀུན་གྱི་རང་བཞིན་ཏེ།།
མཛེས་ཤིང་སྒེག་པའི་ཆོས་ཀྱང་སེམས་ཉིད་ཡིན།།
མི་སྡུག་མཚན་མའི་གཟུགས་ཀྱང་སེམས་ཉིད་ཡིན།།
སེམས་ནི་ཆོས་སོ་ཅོག་གི་རང་བཞིན་ནོ།།

བར་ཐག་རི་ཆུ་སྟོང་གིས་ཆོད་ན་ཡང་།།
སེམས་ཀྱིས་ཕན་ཚུན་སྦྲེལ་ཏེ་བརྩེ་བ་གསོ།།
ལུས་དང་གྲིབ་མའི་ཟོལ་དུ་འགྲོགས་ན་ཡང་།།
སེམས་ཀྱི་བར་ཐག་བསྐལ་བར་ཕྱེ་བར་འགྱུར།།

སེམས་ནི་མཛའ་བརྩེ་མེ་ཏོག་གསོ་ས་ཡིན།།
སེམས་ནི་ཁྲོ་བའི་མེ་ལྕེ་འབར་ས་ཡིན།།
སེམས་ནི་འཆལ་སྤྱོད་ཞུགས་སའི་དུར་ས་ཡིན།།
སེམས་ནི་དཀའ་ཐུབ་བརྟེན་སའི་ཞིང་བཟང་ཡིན།།

སེམས་ནི་མ་རིག་ལིང་ཏོག་ཅན་ཞིག་མིན།།
སེམས་ལ་རྨོངས་པའི་འཁྲུལ་བས་གོས་པ་མེད།།
སེམས་ནི་འོད་གདངས་འཁྲིགས་སའི་གུར་ཁང་ཡིན།།
སེམས་ནི་སྨིག་ལོང་འཐིབས་སའི་རྫ་རི་ཡིན།།

སེམས་ནི་ཁྱོད་ཀྱི་མིག་ལས་འཚེར་བར་འགྱུར།།
སེམས་ནི་ཁྱོད་ཀྱི་ངག་ལས་འབབ་པར་འགྱུར།།
སེམས་ནི་ཁྱོད་ཀྱི་ལུས་ལ་ཞུགས་པར་འགྱུར།།
མཐར་མར་སེམས་ནི་ཁྱོད་ལ་འཐིམས་པར་འགྱུར།།

སེམས་ནི་ཁྱོད་ཀྱི་འཇིག་རྟེན་བྱེད་པོ་ཡིན།།
སེམས་ནི་ཁྱོད་ཀྱི་བཅུད་ཀྱང་བྱེད་པོ་ཡིན།།
སེམས་ནི་ཁྱོད་སྟེ་ཁྱོད་ཀྱང་སེམས་ཉིད་ཡིན།།
སེམས་ཉིད་མཛེས་ན་ཁྱེད་ཉིད་མཛེས་པ་ལགས།།

སེམས་ནི་འོད་གསལ་ཆོས་སྐུའི་གདངས་ཀྱང་ཡིན།།
སེམས་ནི་བང་རྩལ་རྒོད་ལ་ཤོར་བ་ཡི།།
མ་རིག་ལས་ཉོན་ལྡང་སའི་གཞི་འང་ཡིན།།
སེམས་ནི་སེམས་ཏེ་སེམས་ནི་སེམས་པའོ།།

ཕར་ཕྱིན་གྱི་དགའ་བ།

ཁྱེད་སྐུ་མཛེས་ཆགས་ཞི་བའི་ཀློང་དུ་སྒེག།
ཁྱེད་གསུང་སྙན་པའི་གདངས་ཀུན་ཡོངས་སུ་རྫོགས།།
ཁྱེད་ཐུགས་སྤྲོས་པའི་མཚན་མའི་གྲོལ་བ་ཡི།།
ཁྱེད་ཀྱི་སྐུ་གསུང་ཐུགས་ལ་རྟག་ཏུ་གུས།།

གྲངས་མེད་སེམས་ཅན་མང་པོའི་རིགས་ཁམས་ན།།
ཚད་མེད་ལས་ཉོན་རྡོལ་བའི་གཡུལ་ས་ན།།
རྩོལ་མེད་ཁྱེད་ཀྱི་འཕྲིན་ལས་མངའ་བས་ན།།
མཐའ་མེད་ང་ཅག་སྡུག་བསྔལ་སེལ་བ་ན།།

ཁྱེད་ཉིད་བརྩེ་བའི་ཟོལ་དུ་ཤུམ་པར་བྱེད།།
ཁྱེད་ཉིད་བྱམས་པའི་ཚུལ་དུ་འཛུམ་པར་བྱེད།།
ཁྱེད་ཉིད་ངག་གི་ངོ་བོར་སྨིན་པར་བྱེད།།
ཁྱེད་ཉིད་འགྲོ་བའི་དོན་ལ་ངལ་མི་འགྱུར།།

བསྟན་མེད་མུན་པའི་བསྐལ་བ་ནག་པོ་ན།།
བསྟན་མེད་ཁྱེད་ཀྱི་ཐུགས་རྗེ་མྱུར་བས་ན།།
བསྟན་མེད་མུ་སྟེགས་འགྲོ་བ་སྐྱོབ་པ་ན།།
བསྟན་མེད་རྟག་ཁྱབ་འཕྲིན་ལས་སྣང་བས་ན།།

ཁྱེད་ལ་རོལ་ཞིང་སྒེག་པའི་གཟི་བྱིན་ཡོད།།
ཁྱེད་ལ་དྲི་ཟའི་པི་ཝང་རྒྱུད་སྟོང་ཡོད།།
ཁྱེད་ལ་ཐབས་ཤེས་ཉི་ཟླའི་གདན་བཟང་ཡོད།།
ཁྱེད་ལ་རིས་མེད་འགྲོ་བར་མཉེས་གཤིན་ཡོད།།

འདྲིས་ཡུན་རིང་བའི་མི་ཞིག་ལ་བྲིས་པ།

མི་ཚེའི་དགའ་སྐྱོ་སྒུམ་པའི་འཚོ་བའི་ཁྲོད།།
ལས་ཀྱི་འཕྲད་ཅིང་ལས་ཀྱི་འབྲལ་བ་ཡི།།
འདུ་བྱེད་སྒྱུ་མའི་སྣ་ཚོགས་རྩེད་འཇོ་ལས།།
ལས་ཀྱིས་བསྐལ་བ་སྣ་ཚོགས་ཡོད་དོན་ཅི།།

རླུང་བུ་མ་ངེས་པར་ནི་རྒྱུ་བ་བཞིན།།
དྲན་བའི་གདུང་བས་གློ་རྡེག་མནར་བར་གྱུར།།
སེམས་སུ་ཡུན་རིང་ཉར་པའི་མེ་ཏོག་ཀྱེ།།
འཁོར་བའི་རྡུལ་གྱིས་ངལ་བ་བྱུང་ངམ་ཅི།།

འཚོ་བའི་གོས་ནི་ཧ་ཅང་སྲབ་པས་ན།།
གྲང་བས་ལུས་སེམས་འོ་བརྒྱལ་མང་བྱས་ཀྱང་།།
སེམས་ཤུགས་དང་ནི་ཆོད་སེམས་བརྟན་པོ་ཡིས།།
མུ་ནས་མདུན་དུ་སྙོགས་དང་སྙིང་ཉེ་ལགས།།

སྤྱིར་ན་འཁོར་བའི་ཁྲོད་ཀྱི་མི་རེ་ལ།།
སེམས་ན་གནོན་ཤུགས་རེ་དང་དཀའ་སྡུག་རེ།།
མེད་པ་མི་སྲིད་འཁོར་བའི་ཆོས་ཉིད་རང་།།
འོན་ཀྱང་སེམས་ཀྱི་སྟངས་འཛིན་སྣ་ཚོགས་ལས།།

དེ་ཉིད་སྤྲོ་སྣང་དང་ནི་སེམས་ཤུགས་སུ།།
བསྒྱུར་ན་རང་གི་འཇོན་ནུས་ཅིས་མིན་ཨང་།།
སྣ་ཚོགས་འཁོར་བས་སྣ་ཚོགས་མང་བྱས་ཀྱང་།།
སེམས་པས་ཅུང་ཙམ་གུ་ཡངས་གནང་བར་གྱིས།།

སེམས་ནི་ཆུ་སྟེ་གྲང་མོ་ཆུའི་རང་བཞིན།།
སེམས་ནི་མེ་སྟེ་དམར་པོ་མེའི་རང་བཞིན།།
སེམས་ནི་རླུང་ཡང་ཡིན་ཏེ་གར་ཡང་རྒྱུ།།
དེ་བཞིན་སེམས་ནི་ས་ཏེ་འཐས་ཤིང་སྲ་བའོ།།

སེམས་ཀྱི་འཛིན་སྟངས་སེམས་ཀྱི་སྐོར་སྟངས་ལས།།
མི་ཚེའི་འཚོ་བའི་་རི་མོ་འབྲི་བར་བྱེད།།
སེམས་ཀྱིས་ཚོན་མདངས་བལྟ་ན་སྡུག་པ་འབྲི།།
སེམས་ཀྱིས་མི་སྡུག་ཚོན་སྣའང་སྡེབ་པར་བྱེད།།

ཡོད་ཚད་སེམས་ཀྱི་འཛིན་སྟངས་ཡིན་པ་ནི།།
རང་གིས་མ་དཔོག་རྒྱལ་བའི་ལུང་ལས་ཐོས།།
ཐོས་དོན་དེ་ཡང་རང་རིག་ཤེས་པ་ཡིས།།
རང་མྱོང་ཚུལ་གྱིས་ར་སྤྲོད་བྱུང་བ་ལགས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*