འབྲོག་པ་ཚང་།

རྩོམ་པ་པོ། བྱང་ཆུབ་སྒྲོལ་མ།

འབྲོག་པ་ཚང་ནི་མགོ་ནག་རྟེན་ས་སྤུ་ནག། སྤུ་ནག་རྟེན་ས་སྤང་སྤུ་ཞེས་པ་ལྟར་ཉིན་ཉི་དྲོད་པོ་ལངས་སུ་སྤྱོད་བཞིན་སྲིབ་རྩ་མཐུག་པོ་ཟ་འཇོག་བྱེད་བཞིན་གནས་པའི་འབྲོག་པ་དཀྱུས་མའི་ཁྱིམ་ཚང་ཞིག་རེད།

གནའ་མིའི་ཁ་དཔེར་གནམ་མཁར་ས་ལ་མ་བབས་པའི་བྱ་མེད། འཇིག་རྟེན་ཐོག་དཔོན་མེད་པའི་བྲན་མེད་ཅེས་པ་ལྟར་འབྲོག་པ་ཚང་གི་ཨ་ཕ་དེ་ནང་མིའི་འཚོ་བའི་དོན་དུ་རྒྱ་མཚོ་འཁྱགས་པས་བཀབ་ཅིང་གངས་རི་བཟི་འོད་འབར་བའི་སྐབས་དེར་ཚ་ལེན་དུ་འགྲོ་བའི་སྟ་གོན་ནི་འབྲས་ལྡན་དུས་སུ་བྱས་ཟིན་པས། མཚོ་སྔོ་ལིང་མའི་འགྲམ་དུ་ཚ་ལེན་དུ་བོད་ཟླ་བཅུ་གཅིག་ནང་ཟླ་གྲངས་རིང་གྲང་ལྟོགས་ཀྱི་འཐབ་རྩོད་ཁྲོད་དུ་གདོང་ལེན་མནར་མ་ཞིག་བྱེད་བཞིན་ཚ་ལེན་འབྲུ་ལ་བརྗེས་ཏེ་སྡེ་དཔོན་ལ་ལོ་ལྟར་ཁྲལ་རབས་དང་རིམ་པར་འབུལ་དགོས་ཀྱི་ཡོད། སྐབས་དེར་ཕ་རྒན་གྱིས་རང་ཉིད་ལ་ལྗི་ཏིག་ཏིག་གི་ཁལ་གྱི་དོ་ཡ་འདེགས་རོགས་དང་ཚ་སོབ་སོབ་ཀྱི་ཚ་ཇ་འཐུང་རོགས་ད་ག་ནང་བཞིན་གྲང་ཤུར་ཤུར་གྱི་སྡེ་པའི་སྲང་ལམ་གཤག་རོགས་ཀྱི་བུ་བཟང་པོ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་མ་ཉལ་རྨི་ལམ་བཏང་བ་ཉུང་ཉུང་གཏན་ནས་མིན། མ་སྐྱེས་ཨ་མས་ཀྱང་བུ་ཞིག་བཙའ་བའི་རེ་བ་འཆང་བཞིན་གཞོན་སོ་དཀར་ནས་རྒན་སྐྲ་དཀར་ཆགས་བཞིན་ཡོད། 

དུས་སྐབས་དེར་བསླེབས་སོང་། དབྱར་གྱིས་སྦྱིན་པའི་སྟོན་འབྲས་ཀྱི་དཔལ་ཡོན་ཡོད་དགུ་དེ་དགུན་གསུམ་གྱིས་གྲང་ངར་དེས་རྩ་མེད་བཟོ་བའི་མགོ་བརྩམས་པ་དང། སྟོད་མངའ་རིས་སྐོར་གསུམ་ཁ་བས་མནན་ཟིན་པ་དང་བར་དབུས་གཙང་རུ་བཞི་དང་། མདོ་སྟོད་སྨད་ཀུན་ལ་ཁ་བ་དང་བུ་ཡུག་གིས་སེམས་ཅན་ལ་མནར་གཅོད་དང་ཐོབ་ཚོད་བྱེད་ཀྱིན་ཡོད་ན་ཡང་གནའ་མི་ཚོ་ཅི་མི་སྙམ་པར་སང་ཉིན་འཚོ་ཐུབ་པའི་དམིགས་ཡུལ་ཞིག་ཡོད་པར་གྲགས། དཔྱིད་གསུམ་གྱི་དཔལ་ཡོན་དང་དགུན་གསུམ་གྱི་གྲང་ལྟོག་ལ་གོམས་པའི་སེམས་ཅན་རེ་རེའི་མིག་སྔུན་དུ་ཤི་མ་མྱོང་དམྱལ་བའི་ལོ་རྒྱུས་སྣ་ཚོགས་ཡ་ཁོག་གི་སེམས་ཁོངས་ན་མངོན། འབྱུང་བ་བཞི་ཡི་དབང་བསྒྱུར་འོག་དུ་དུས་བཞི་ལ་རང་དབང་མེད་དུས་དགུན་རྒྱལ་བཙན་པོའི་དྲག་གནོན་རིམ་བཞིན་འབར་ཏེ་མཐོ་སྒང་གི་འཇིག་རྟེན་ཡོངས་ལ་གྲང་ངར་གྱི་ཁྱབ་པ་དང་ལྷན་དུ། འབྲོག་པའི་ཨ་མ་རྒན་མོ་གཉའ་ཞུམ་ཞིང་སྒྱིད་པ་འཁུམས་ཀྱང་ཁྱིམ་ཚང་གི་བྲན་གཡོག་རྒྱུག་པར་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གདོང་མཆོང་བྱེད་བཞིན་ཡོད།

དེ་ལྟར་འབྲོག་པ་ཚོང་གི་སྒོ་ཕྱི་ནང་གི་འགྲོ་འདུག་བརླག་ལ་ཉེ་ན་ཡང་འགྲོ་བའི་མི་ལ་སྡོད་པའི་སེམས་མེད་ཅེས་པ་ལྟར་ཕ་རྒན་འབྲོག་པས་གཡག་མཛུམ་མོ་ལྔ་ཡི་གྲངས་ཚད་ལ་སྒ་བརྒྱབས་ཤིང་རྟ་རྒན་ར་དཀར་ལ་སྐྱ་གྲོའམ་གྲོ་ཁ་བཀལ་ཏེ། མི་དགའ་དགའ་མདོག་བྱེད་པ་ཕོ་གསར་དམག་ལ་འགྲོ་ཉིན། མི་སྡུག་སྡུག་མདོག་བྱེད་པ་བུ་མོ་གནའ་མ་འགྲོ་ཉིན། ཞེས་པའི་དཔེ་ལྟར་གདོང་ཆུ་རྡོ་འདྲ་བའི་ཞལ་དཀྱིལ་ལ་ཞག་སྣུམ་སེར་པོའི་གོས་ཤིག་གྱོན་ནས་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁ་ལོ་བྱེད་ཀྱིན་སྒྲ་དོན་གསལ་ལ་མི་གསལ་བའི་དམངས་གླུ་འགའ་ངག་ནས་འགྱེར་བཞིན་ཆས་སྐབས། མ་བུ་གཉིས་ཀྱིས་ཐོས་ཡོང་བའི་སྒྲ་དོན་གསལ་བ་ནི་“ང་འགྲོན་པོ་གནམ་གྱིས་ཁོགས་ལེ་མིན། ཡང་རྡོ་སྐས་ལ་ནི་ཁ་བ་འབབ་ཡོང་གདའ། འགྲོན་པོ་རྣམ་པ་དགོངས་པ་མ་ཚོམ་ཞུ”། ཞེས་པའི་སྒྲ་དང་མཐོང་ཡོང་བ་ནི་སྣུམ་ལྡིག་ལྡིག་ཨ་པའི་ཞལ་རས་རེད། 

གང་ལྟར་བོད་ཟླ་བཅུ་གཅིག་གི་ཉིན་མོ་དེ་སྔར་རྒྱུན་ལྟར་འགྱུར་ལྡོག་གང་ཡང་མེད་པར་ཚེས་བྱུང་། བུ་མོས་ཨ་ཕ་སེ་ངར་དང་བུ་ཡུག་ཁྲོད་དུ་ཐག་རིང་བར་དུ་བསྐྱེལ་མ་བྱས་ཏེ་མིག་རྒྱང་གིས་མཐོང་མཐོང་བར་དུ་མིག་བསྐྱེལ་བྱས་ཚེ། དེ་མ་ཐག་ཏུ་བུག་ཡུག་བརྒྱགས་ཐེངས་གཅིག་གིས་མིག་ལམ་གྱི་ཆོས་ཀུན་གཏུམས་པ་དང་མར་ས་ལ་སྡོད་དབང་ཙམ་ཡང་མེད་པར་པགས་རྩག་གི་བགམ་མ་མགོ་ལ་བཀོན་པ་དང། དེ་མ་ཐག་སེམས་སྡུག་དང་འཇིགས་སྣང་ངང་ནས་བགམ་མ་མགོ་ཐོག་ནས་མར་གཡུག་སྟེ་མིག་ཟུང་ཆེ་ཆེར་གདང་སྟེ། ཨ་ཕའི་ཕྱོགས་སུ་བལྟས་ཀྱང་ཨ་ཕའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པར་བརྟེན་བཤད་མི་ཤེས་པའི་ཁེར་རྐྱང་གི་ཚོར་བའི་རྒྱ་མཚོའི་ནང་དུ། འཁོར་ཡོང་བ་ནི་ཨ་ཕ་ལ་ཕྱག་རོགས་ཤིག་ཡོད་ན་ཨ་མ་ངེད་གཉིས་སེམས་པ་བདེ་ས་རེད་སྙམ་བཞིན་ནང་དུ་ལོག

ཨ་ཕ་སོང་ཤུལ་དུ་བུ་མོ་དང་ཨ་མ་གཉིས་ཀྱིས་རང་འབྱུང་ཁོར་ཡུག་གི་གནས་བབས་ལ་བསྟུན་ཏེ་ཕྱི་ལ་ཕྱུགས་འཚོ་བའི་དགོངས་ཁྲོལ་གྱི་གོ་སྐབས་བསྩལ་ཏེ་ལྷས་ར་གྲུ་གཞི་ནང་དུ་རྒྱབ་ཉི་མ་ལྡེས་ཤིང་མདུན་དུ་ཨ་ཕའི་མེ་རྫ་ནང་དུ་ཇ་ནག་ཤིག་བསྐོལ་བ་དང་ཨ་མས་སྔར་བྱུང་གི་གནའ་གཏམ་ལྷན་དུ་ལྷ་སྒྲུང་འཆད་འགོ་བརྩམས་བྱུང། ད་དུང་ཨ་མས་རང་གི་སྦ་ལྷམ་གཡས་པ་ལ་གཡག་གི་མགོ་ཀོ་སྤུ་སུག་ལྷམ་རྡོག་རྒྱག་བཞིན་ཉིན་མོ་དེ་ཕར་ལ་བསྐྱལ། གང་ལྟར་མ་བུ་གཉིས་ཀྱིས་ཆེས་མཛེས་སྡུག་ལྡན་པའི་སྣང་བརྙན་གྱི་འཇིག་རྟེན་ཟུར་ཞིག་བཞེང་སྐྲུན་བྱེད་བཞིན་པའི་ཉིན་མོ་དེར་ཁ་གནམ་ལ་གདངས། རྐུབ་ཕོ་རོག་གིས་བྲུས།ཞེས་པ་ལྟར་ལུག་བཅུ་ལུག་ནང་གི་ཨ་ཡོད་ནང་གི་ད་ཡོད། སྒོ་ང་ནང་གི་སེར་རིལ། གཡང་དཀར་མ་མོ་སྤྱང་ཁུས་བཟས།

བུ་མོ་ཉི་མ་སྒྲོལ་མས་རྣམ་རྒྱུན་རྫི་གྲོ་སྔོ་ཞིང་སངས་བའི་མཁའ་དབྱིངས་ཀྱི་དབུས་ནས་ལྷ་ཉི་དཀར་པོ་ཀླད་ཐོག་ཏུ་འཁོར་བ་དང་ཟ་ཡི་ཡོད། རྫི་གྲོ་མང་མ་དྲགས་ཀྱང་མོས་ཡོས་འབྲུ་འགའ་ཤས་ཟ་ཙམ་དང་འགའ་ཤས་གཏོར་ཙམ་བྱས་པ་དང་ར་ལུག་དེ་དག་ཟ་འདོད་ཀྱི་ཨོག་ལྕེ་འགུལ་བས་མོའི་ལག་ཆུང་ཁ་ཏའི་སྦར་མོ་འདྲ་བ་ལ་ལྕེ་ལྡག་བྱེད་པ་མ་ཟད་ལ་ག་ནག་མགོས་སྣ་སྒོ་ཡང་གཙང་མ་བཟོ་ཡི་ཡོད། བྱ་སྐྱ་ཀ་དང་ཕོ་རོག་ནག་ཆུང་འགས་ཡོས་འབྲུ་རེ་ཨེ་རག་བསམ་པའི་སྐུལ་སློང་གིས་ས་ལ་འབབ་ཙམ་དང་གནམ་ལ་འཕུར་ཙམ་ངང་ཅག་ཅག་ཅེས་ཟ་འབོད་ཀྱང་བྱེད་པ་སོགས་མོ་རང་ལ་མཚོན་ན་འགྲོ་བ་མིའི་ཁོར་ཡུག་མཐོང་བར་དཀའ་ན་ཡང་སྒོ་ཟོག་གི་བྱམས་བརྩེའི་འོག་ཏུ་མོ་རང་ལ་སྐྱིད་པའི་དྲོད་ཁུལ་ཐོབ་ཀྱིན་ཡོད།

ཉིན་དེར་གནམ་གཤིས་ཤིན་ཏུ་གྲང་བ་མ་ཟད་སེམས་པ་ཡང་གྲང་ཤུར་ཤུར་གྱིས་ཉི་མ་སྒྲོལ་མ་ལ་བསོད་ཟད་འཆི་བལྟས་ཕོག་པ་བཞིན་རྫི་གྲོ་ཟ་བའི་སེམས་ཁམས་མེད་ཀྱང་ལ་ག་ནག་མགོ་དང་སྐྱ་ཀ་ཕོ་རོག་བཅས་མིག་འོད་རིལ་ལེ་ཅེར་ནས་མོའི་རྫི་གྲོ་ལ་སྒུག་བཞིན་ཡོད། དེར་བརྟེན་མོས་ཡོས་སྒྱེ་ཁ་ཕྱེས་ཏེ་ཡོས་མཆོད་དཀོན་མཆོག་གསུམ་ལ་ཕུལ་རྗེས་ཡོས་འབྲུ་འགའ་ཤས་ཁ་ལ་བླུགས་ཏེ་ཡོས་འབྲུ་རེ་འགའ་ས་ལ་གཏོར་ཙམ་བྱས་ཤིང་། ར་ལུག་མ་ལུས་རུབ་ཚོགས་བརྒྱབས་པ་དང་མོས་ཡོས་འབྲུ་མ་ལུས་ས་ལ་གཏོར་ཞིང་ཉི་མ་འཁྱོལ་ཐབས་སུ་ར་ལུག་རྩིས་བགྲངས་བླངས། ད་གཟོད་གཞི་ནས་འབྲོག་པ་ཚང་གི་མ་མོ་དྲག་ཤོས་དེ་མེད་པ་རྟོགས་ཀྱང་རང་ཡིད་རང་གིས་མ་ཆེས་པས་ཡང་རྩིས་བསྐྱར་རྩིས་བྱས། ས་ཁུག་དང་གད་ཁུག་མ་ལུས་པར་ཤི་བཙལ་རོ་བཙལ་བྱས་ཀྱང་ཤི་བའི་རོ་དང་གསོན་པོའི་གཟུགས་ཅི་ཡང་མ་རག དེ་ནི་ཉི་མ་སྒྲོོལ་མ་ལ་བློ་ཡུལ་ལས་འདས་པའི་ཆག་སྒོ་ཞིག་ལོས་ཡིན།

གནད་དོན་དེ་ཨ་མས་བདེན་པར་འཛིན་དཀའ་བ་ཞིག་རེད། གསང་ཡང་གནམ་སྔོན་པོར་སྦར་མོས་མི་ཁེབས་ཞེས་པ་ལྟར། འུ་ཐུག་གི་གནས་སུ་གྱུར་བར་བརྟེན་སའི་གོ་ལ་རང་གནས་སུ་འཁོར་བཞིན་ཡོད་ན་ཡང་ཉི་མ་སྒྲོལ་མའི་འཇིག་རྟེན་ནི་བསྐལ་བ་འཇིགས་པའི་སྣང་བརྙན་གསོན་པོ་ཞིག་བསྐྲུན་བཞིན་ཡོད་པ་མ་ཟད། མོ་ལ་སེམས་གསོ་གནང་མཁན་གྱི་མི་བུ་ཞིག་མེད་པ་དང་འཛམ་གླིང་གི་དཀའ་སྡུག་ཅི་འདྲ་ཡིན་པ་གོ་བ་ཙམ་ལས་དངོས་སུ་གསལ་རྟོགས་མེད། ཁེར་རྐྱང་གི་སེམས་པའི་བགྲོ་གླེང་ནི་རྒྱ་ཆེ་ལ་གཏིང་ཟབ་ས་ཞིག་ནས་དོགས་པ་ཅན་ལ་འདྲེ་དགུ་འཁོར་ཞེས་པ་ལྟར་དངོས་མེད་ལྷ་འདྲེས་དངོས་སུ་གནོད་པ་བརྩམས་པར་སྙམ་པ་ལས་གཅན་གཟན་གྲོད་པ་ལྟོགས་པས་ལུག་ཚེ་ཟད་བཟས་པའི་གནས་ལུགས་དེ་ཡིད་ལ་གཏན་ནས་འཆར་མི་སྲིད་པ་ཞིག་རེད།

ནམ་རྒྱུན་དུ་ཁོང་མ་བུ་གཉིས་སེམས་གཅིག་ལུས་གཅིག་ཡིན་རུང་ཉིན་མོ་དེའི་གནས་ལུགས་ནི་སུ་ལ་བཤད་རུང་ཡིད་ཆེས་དཀའ་བ་ཞིག་ཅི་ལ་མིན། དངོས་གནས་སྔོན་ཤེས་མེད་པ་མི་ཡི་སྡུག་ལས་མེད་། རྭ་ཅོ་མེད་པ་རྟ་ཡི་སྡུག་ལས་མེད། ཞེས་པ་ལྟར་རང་ཡིད་རང་གིི་མི་ཆེས་པའི་དུས་འདིར་རྣམ་ཤེས་རིག་པ་ཞིང་རྨོས་ཀྱང་ཆེས་དོགས་དཔྱོད་བྱེད་ས་དེ་ནི་ཨ་ཕའི་མེ་རྫ་ནང་ཇ་ནག་བསྐོལ་བའི་ཉིན་མོ་དེ་ཡིན་ན་ཡང་། རྒྱུ་མཚན་དང་དཔང་རྟགས་གང་ཡང་བསྟན་རྒྱུ་མེད་པར་ཨ་མ་ལ་ཇེ་ལྟར་བཤད་སྙམ་བཞིན། ཉི་མོ་དེ་དགུན་རླུང་དང་སྡེབ་ཏེ་ཉི་མ་ནུབ་ལ་བསྐྱལ་ཞིང་སེེམས་ཀྱི་ཉི་མོ་ལ་སྐྱོ་བའི་མུན་པ་རུབ་བཞིན་རེ་དོགས་ཀྱི་ཞགས་པས་སྒོ་གསུམ་གྱི་རྣམ་དཔྱོད་མ་ལུས་བཅིངས། ངེས་པ་མེད་པའི་ཉིན་མོའི་བདེ་སྡུག་ནང་འཚོ་དགོས་པ་དང་མཚན་མོའི་འཇིགས་སྐྲག་གི་རྨི་ལམ་ལས་བརྒལ་དགོས་པ་ནི་ཉི་མ་སྒྲོལ་མ་གཅིག་པུར་གྱི་ལས་དབང་དང་གོད་ཆག་ཡིན་མི་སྲིད་ལ་མིའི་རིགས་ཀྱི་གཡོལ་ཐབས་མེད་པའི་མདུན་སྐྱོད་ཀྱི་ལམ་ཕྲང་འབའ་ཞིག་ཡིན་པས་ཉི་མ་སྒྲོལ་མ་དེ་དག་ནང་ནས་གཅིག་ཡིན་པ་རེད།

དེ་ལྟར་མོས་སྒོ་ཕྱུགས་ལྷས་སུ་འདེད་ཡོང་སྐབས་དགོང་མོའི་མཚམས་སྤྲིན་ལ་གྱོན་པ་ནག་པོ་ཞིག་གྱོན་ཏེ་རི་བོ་བརྗིད་ཆེན་བརྗིད་ཆུང་གཉིས་ནི་བརྗིད་ཐོག་བརྗིད་བཞག་རེད། བྱ་དང་བྱིའུ་ནི་དེ་དག་རང་རང་གི་ཚང་ལ་ལོག་པ་དང་ཁོར་ཡུག་གི་རྣམ་པ་ནི་འཇིགས་ཤིང་རྔམ་པའི་དུར་ཁྲོད་བཙན་པོ་ཞིག་ནང་རང་ཉིད་གཅིག་པུར་མ་གཏོགས། གཞན་ཚང་མ་གཡུལ་འཐབ་ལ་གྲ་སྒྲིག་ཡོད་པའི་སྣང་བརྙན་ཞིག་གིས་ཕྱི་བལྟས་ཙམ་ཡང་མ་ནུས་པར་འབྲི་གཡུང་ཤོས་ག་ཡུ་མ་རང་གི་རྗེས་སུ་ཡོང་དུ་བཅུག་སྟེ། སྡུག་ཤི་མ་ནི་བགྲངས་བགྲངས་བྱེད་བཞིན་ལྷས་མཐའ་རུ་བསླེབས།

སྒྲོལ་མའི་སྙིང་གི་འཕར་ཚད་ནི་ཇི་མགྱོགས་ནས་ཇི་མགྱོགས་རེད། སྒོ་ཕྱུག་ལྷས་སུ་བཅུག་ཏེ་མ་ཚང་མེད་པར་སོ་སོའི་རྡང་ལ་བཏགས་ཏེ་མ་བུ་གཉིས་ནང་དུ་མགོ་ལག་འདུས། ཨ་མ་རྒན་མོ་སྔར་བཞིན་བྱམས་བརྩེའི་འཛུམ་མདངས་ཤིག་གིས་ཁོ་མོར་མཛེས་པར་རྒྱན་ཡང་བུ་མོ་ལ་གསང་མི་ཐོབ་པའི་དོན་གྱི་བྱུང་བ་ཞིག་བརྗོད་རྒྱུ་ཡོད་པས། ཁོག་ནང་མེ་འབར་ཡང་ཁ་ནས་དུ་བ་མ་ཐོན་པར་བྱས་ཏེ་དགོང་ལྟོ་འཐུང་བའི་སྐབས་ཉི་མ་སྒྲོལ་མའི་གྲོད་པ་འགྲངས་སམ་སེམས་གནད་གང་ཡིན་ཆ་མི་འཚལ་པར་ཕོ་ཁ་ལ་ཡང་ན་རིལ་རིལ་གྱི་ཟུག་གཟེར་གྱིས་མནར་གྱིན་ཡོད། རང་ཉིད་ཨ་མའི་སྡིགས་མོ་ལ་འཇིགས་སམ་ཡང་ན་ཨ་མས་སེམས་ཁྲེལ་བྱེད་པར་དོགས་སམ་གང་ལྟར་སྐད་ཆ་དེ་ཁ་ནས་ཤོར་གྲབས་ཐེངས་མང་བྱས་ཀྱང་ལྕེས་བཀག

ཨ་མས་མེ་འོད་དང་སྒྲོན་མེའི་ངོས་ལས་བུ་མོའི་གདོང་ཡང་ཡང་མཐོང་བས་མོའི་གདོང་ལྕི་གཡའ་བའི་སྐྱ་ཞད་ཅིག་མངོན་རུང་དེ་ནི་དགུན་ལྷག་གིས་གྲང་བ་དང་འཁྱག་ལྟོག་གིས་མནར་བར་སྙམ་ཞིང་རང་གི་བུ་མོར་ཤ་ཡང་ཚ། དེ་ནི་དྲིན་ཆེན་ཨ་མ་ལ་མཚོན་ན་གསར་གཏོད་ཀྱི་ཆ་དང་བཅོས་མའི་ལྷག་བསམ་འཕར་མ་གང་ཡང་མིན། དེ་ནི་མས་བུ་མོ་ལ་སེམས་ཁུར་བྱེད་པ་ནི་མོ་རང་གྱི་ཚེ་སྲོག་དང་སྐྱ་ཐིམ་ནས་ཡོད། ཨ་མའི་བྱམས་བརྩེའི་སྙིང་ནོར་ལས་མོ་ལ་སྙིང་སྟོབས་སྦྱིན་ནམ་གང་ལྟར་ཉི་མ་སྒྲོལ་མས་གནད་དོན་དེ་ཉལ་ཚར་བ་དང་བཤད་པའི་དམ་བཅའ་བརྟན་པོ་ཞིག་བཞག། ཉིན་གང་བོར་བསྐྲུན་པའི་དམྱལ་ཡུལ་དེ་ཡང་ཚ་སོབ་སོབ་ཀྱི་རང་ཁྱིམ་གྱི་འཇིགས་རྟེན་ཆུང་ཆུང་དེ་རང་གནས་སུ་གྱུར་བ་འདྲ། སེམས་པ་ཞུམ་པའི་སྙིང་ཆུང་གི་འཕར་ཚད་དང་ཕོ་ཁའི་ན་ཚ་རིམ་བཞིན་འཇགས་ཏེ། བློ་རྒྱ་བསྐྱེད་པའི་གོ་སྐབས་གློག་འོད་ཙམ་ཞིག་གིས་སེམས་པ་ཞི་ལྷུད་དུ་གྱུར།

མ་བུ་གཉིས་ཕྱི་ལ་མི་གཙང་བ་བསྐྱལ་དུ་སོང་བས་ཁྱི་རྒན་རྒྱ་བོ་དང་ཨོ་ཡོ་ཁྲ་ལུ་གཉིས་ཁ་སང་བཞིན་སྤྱང་ཟུག་བྱེད་ཀྱིན་ཡོད་པས་བུ་མོའི་སྙིང་ལ་ཙག་ཤད་ཅིག་བརྒྱབས་པ་དང་།ཨ་མ་ནི་སྔོན་ཤེས་ཡོད་པ་ནང་བཞིན་ཁྱི་དང་སེམས་ཅན་རྣམས་ཀྱི་སྐད་དང་རྣམ་འགྱུར་ལས་ཐམས་ཅད་མཁྱེན་པ་མིན་ཡང་དོན་གྱི་གནས་ལུགས་ཕྲ་རགས་མ་ལུས་ཚོད་བགམ་བྱས་ཏེ་རྟོགས་ཀྱི་ཡོད་པས། མོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བཤད་དོན། དེ་རིང་ཁ་སང་གཅན་གཟན་གྱི་དགྲ་ཞིག་ཡོད་པ་ཐག་ཆོད་འདུག ཅེས་བཤད་མ་ཐག་བུ་མོའི་སྙིང་རུས་ལ་ཚ་ཤར་ཞིག་བརྒྱབས་ཏེ་རིམ་བཞིན་རྩ་ལག་མ་ལུས་གྲམ་པ་དང་ངག་ནས་རང་དབང་མེད་པར་ཨ་མ་ཞེད་སྣང་མ་བསྐུལ་གདའ་ཞེས་ཚིག་ལེན་སྟེར་བ་ཙམ་ལས་གོ་སྐབས་དེ་བཟུང་སྟེ་དོན་དེ་བཤད་པའི་སྤོབས་པ་ད་དུང་མ་བསླེབས།

དེ་ལྟར་མ་བུ་གཉིས་སྔས་ཕྲུགས་བྱས་ཏེ་ཉལ་སྒྲོན་མེ་བསད་ཚར་བ་དང་བུ་མོས་མགོ་རུམ་དུ་བཅུག་ཏེ། གོང་བའི་བར་གསེང་ནས་ཐབས་ཤེས་ཡོད་དགུ་བཏང་སྟེ་གོད་ཆག་གི་སྐོར་ཇི་མ་ཇི་བཞིན་བཤད་པ་དང་། ཨ་མས་ཐོག་མར་བུ་མོར་འུ་ཐུག་པས་རྫུན་གྱིས་འཁོར་ལོ་བསྐོར་བར་བསམ་སྟེ་ཁོང་ཁྲོ་ལངས་ཀྱང། བུ་མོའི་ཞལ་རས་ཀྱི་རྣམ་པ་ཡིད་ལ་འཁོར་བ་དང་གཅིག། གཉིས་ནི་སྡིགས་མོ་བྱས་པའི་འབྲས་བུ་མེད་དུས་མུག་ཤི་བགྲངས་བ་ལས་ཐབས་གཞན་གང་ཡང་མ་ལྷག

བུ་མོ་ཉི་མ་སྒྲོལ་མ་ནི་མོ་རང་ཐེག་དཀའ་བའི་ཁུར་བོ་དེ་རྒྱབ་ནས་ཕོགས་པ་བཞིན་དུ་ལུས་སེམས་ཀྱང་ཡངས་གསལ་གསལ་དུ་གྱུར། མོ་ལ་འཇལ་དུ་མེད་པའི་གཤིས་རྒྱུད་ཅིག་ཡོད་པ་ནི། ནམ་ཡིན་རུང་ཨ་མར་སེམས་གསོ་བྱེད་རྒྱུར་གོམས་གཤིས་བཟང་པོ་ཞིག་ཡོད་པས་གལ་ཡོད་མ་རེད་ཅེས་པའི་ཐ་སྙད་རང་ག་བ་ཞིག་ཁ་ནས་རང་བཞིན་གྱིས་ཐོན་པ་དང་། ཚིག་དེ་གློ་བར་མ་ཕན། མཆིན་པའི་སྐྲན་ལ་སོང་ཞེས་པ་ལྟར་ཨ་མས་དོན་གྱི་ཚིག་བརྗོད་ལ་སེམས་ཀྱི་སྒྲོ་བཏགས་སམ་ཅི་གང་ལྟར། གོ་སྐབས་དེ་དང་བསྟུན་ཏེ་སྐྱིད་སྡུག་ཟད་པའི་བུ་མོ་འདི་ཞེས་གཏུམ་མོ་བློ་བུར་མྱོས་པའི་སྨྱོ་གཏམ་ཐེ་ཚོམ་མེད་པར་བཏང་ཡང་། བུ་མོ་ལ་ཨ་མར་རྒྱུས་ཡོད་པས་ངག་མེད་དུ་མགོ་རུམ་དུ་བཅུག་ཏེ་ཨ་མའི་ཁྲོ་གཏམ་ལས་གཡོལ། རིམ་བཞིན་འདས་ཟིན་མ་ཐག་པའི་ཉིན་མོའི་འཇིག་རྟེན་ལ་ཆས་ཏེ་རྨི་ལམ་གྱི་ལྟེ་བ་རུ་ངལ་དུབ་ཀྱི་འཚོ་བ་ཞིག་འགོ་བརྩམས་སོ།

ཨ་མས་བུ་མོར་ཁ་རྡུང་བཏང་བ་ལ་འགྱོད་ཀྱང་དགོངས་སེལ་ཞུ་བའི་ལུགས་མེད་དུས་འཇམ་ཐིང་ཐིང་གི་མུན་ནག་ཁྲོད་དུ་འདྲེན་བྱེད་ཟུང་གིས་གཟུགས་རྣམ་ཉི་ཤུའི་དངོས་པོ་ཅི་ཡང་མིག་གིས་མཐོང་དཀའ་ན་ཡང་ཡིད་ཤེས་ཀྱི་ལྟེ་བ་རུ་ཀུན་ཉོན་གྱི་འཇིག་རྟེན་གསལ་བོར་མངོན་བཞིན་གཏི་མུག་རོལ། ཁྱི་འཛིངས་ཀྱང་། ཁྱི་ལྤགས་འཐོར་མི་རུང་། ཞེས་པ་ལྟར། ཞོགས་པའི་སྐྱ་རེངས་དབང་ཕྱོགས་ཀྱི་དབུ་ཏོག་ནས་མཚམས་སྤྲིན་དང་སྡེབ་ཏེ་ཆས་ཡོང་སྐབས་མ་བུ་གཉིས་སྔར་ལྟར་འཛུམ་མུལ་མུལ་གྱིས་མ་དགའ་བུ་སྐྱིད་ངང་ལས་བྱ་འབད་པར་སླ་ཡང་། རང་ཐག་རང་གིས་ཆོད་ཀྱང་དཔོན་ཐག་གཡོག་གིས་མི་ཆོད་ཅེས་པ་ལྟར། མ་བུ་གཉིས་ཀྱིས་གོད་ཁ་དེ་བརྗེད་སླ་ཡང་མ་མོ་གོད་པའི་རོ་དང་གསོན་པའི་གཟུགས་ཅི་ཡང་བསྟན་རྒྱུ་མེད་དུས། དོན་དེ་ཕ་རྒན་ལ་ཇེ་ལྟར་བཤད་དགོས་མིན་དང་ཁོང་གི་བཀའ་བཀྱོན་འཇིགས་པས། ཆུ་མ་ཡོང་གོང་ནས་རགས། ཞེས་པ་ལྟར། མ་བུ་གཉིས་ཆ་བགོས་ཏེ་སྤྱང་ཐེད་རག་ཐབས་འབད།

ཨ་མ་ནི་སྔ་ཉིན་གྱི་ནོར་ལུག་འཚོ་སའི་ཕྱོགས་སུ་ཡིད་གཉིས་ཐེ་ཚོམ་གསལ་བར་རྐང་བཙུགས་ཏེ་སོང་། བུ་མོ་ནི་ཆེས་དོགས་པ་ཆེ་ས་ཏེ་ཨ་ཕའི་མེ་རྫ་ནང་དུ་ཇ་ནག་བསྐོལ་བའི་ཉིན་མོ་ཟོག་གཡས་གྲམ་གཡོན་གྲམ་བྱས་ཡོད་པ་དང་བྱ་དང་འདབ་ཆགས་མང་པོ་ཞིག་གཡས་སྐོར་གཡོན་སྐོར་བརྒྱགས་བཞིན་པའི་ཉི་མོ་དེ་ཕྱིར་དྲན་ཤོར་བཞིན་ཤར་མར་སོང་། བར་སྣང་གི་བྱ་རྒོད་དང་ས་སྟེང་གི་རི་ལུང་ཀུན་ལ་དཔྱད་པ་བྱེད་ཀྱིན་བསྐྱོད། མཐར་ཤ་ཞིམ་པོ་ཞིག་ཨ་པོ་སྤྱང་ཀིས་བཟས། ཁག་ངན་པ་དེ་ཨ་ཅེ་ཝ་མོར་འཁེལ། ཞེས་པ་ལྟར་བུ་མོས་ནུས་ཤུག་ཡོད་རྒུ་དཔྱད་དེ་བཙལ་བའི་འཇུག་འབྲས་སུ་བྱ་སྐྱ་ཀ་དང་གོ་སེར་དུ་མ་ཕར་འཕུར་ཚུར་འཕུར་བྱེད་བཞིན་པའི་ས་ཕྱོགས་གངས་རིའི་གྲང་ངར་དང་རྫ་རིའི་ངབ་བརྗིད་འཛོམས་པའི་ཉིན་སྲིབ་ཀྱི་སྟོད་མཚམས་མི་མེད་འབྲོག་དགོན་ལྟ་བུའི་ལེ་འབར་ཞིག་གི་ལུང་འཕུར་ངལ་གསོ་ཙམ་ཡང་མེད་པར་བསླེབས་ལ་ཉེ་སྐབས། ཝ་མོ་ཞིག་དངངས་འཚབ་ཀྱིས་ཕྱི་བལྟས་ཡང་ཡང་ལྟ་བཞིན་འདུར་རྒྱུག་ངང་གངས་འཁྱག་ཐོག་ཞབས་རྗེས་དམར་པོའི་ཐམ་ཀ་བཀོད་དེ་བྲོས་པ་དང་། ཀླད་ཐོག་ན་གོ་སེར་གཉིས་ཀྱིས་རུས་པ་སོར་གང་ལ་འཐབ་འཛིང་བྱེད་པ་སོགས།བུ་མོར་མཚོན་ན་འཇིགས་སྣང་དང་ཕངས་སེམས་ཚད་མེད་བྱུང་བས་ངག་ནས་བཏབ་པའི་ཀི་སྒྲ་ཡང་ཐོས་དཀའ་བར་གྱུར།

ཡང་སྙིང་ཤི་བའི་རོ་ཕར་ཞོགས་རྩིབ་ཐུར་ཙམ་ཡང་རྙེད་ཐབས་བྲལ་བས་དྲི་ངན་གྱི་ཁེངས་བའི་བཙོ་སྦར་གང་ཨམ་ཕྲག་ནང་བཅུག་ཏེ་ངུ་མ་བགོད་ཀྱིས་ནང་དུ་ལོག་མ་ཐག ཨ་མ་ཡང་ཡིད་ཐང་ཆད་ནས་ནང་དུ་བསླེབས་མ་ཁ་ཡིན་པ་ཨ་མའི་སྣམ་ལྷམ་ཆ་མིན་ཡ་འཐོར་གྱི་སྔ་རྟིང་ནས་འབག་ཁ་ལྟ་བུའི་ཨེ་ཁུང་ཞིག་རྡོལ་བས་མཛུབ་མོ་ལྔ་པོ་ཐོན་གྲབས་རེད། རྩག་པའི་བགམ་མ་ཡར་བརྫེས་ཡོད་པས་རྩ་་དང་རྩི་ཤིང་གིས་ཁེངས་པ་དང་ཁ་བ་ལ་སོགས་ཀྱིས་སྤུ་རྩེ་ལ་འཐམ་ནས་ཡོོད་པར་བརྟེན་ཞིབ་ཅིང་མ་བཏགས་ན་དེང་དུས་ཀྱི་འབྲས་དཀར་འཁྲབ་མཁན་དང་ནོར་ཉེན་ཡོད་པས་ཨ་མའི་རྣམ་པ་ལས་རྟོགས་ཐུབ།

དེ་ལྟར་ཁྲ་རྐྱང་སེ་སྤྱང་ཀི་ལ་མོ་བརྒྱབས། འོད་ཕུང་ངེ་ལུས་རྒྱུ་བཙོ་གྲོད་རེད། ཅེས་པ་ལྟར། བུ་མོས་སྡུག་ངོ་ལུག་ཅིང་སྐྱུག་མེར་ལངས་པའི་ཚུལ་གྱིས་ཨམ་ཕྲག་ནས་དྲི་ངད་ཧ་ཅང་ངན་པའི་བཙོ་གྲོད་སྦར་གང་མར་བཏོན་ཏེ་རང་ཉིད་ཀྱི་ཨ་མ་ལ་སེམས་གསོའི་སྐད་ཆ་འདི་ལྟར་བཤད། བརླག་འདོད་ན་རྩིས་པའི་བ་ཡང་བརླག ཤི་འདོད་ན་ཨེམ་ཆིའི་བུ་ཡང་ཤི། ཞེས་པའི་དཔེ་དེ་མ་གོའམ་ཨ་མ་དགའ་དགའ་སེམས་ཁྲལ་མ་གནང་། འབྲུག་མོ་ཧོར་ལ་སོང་ཡང་བསམ་པ་གླིང་ལ་དཀར་ཞེས་པ་ལྟར་ཕ་རྒན་ཚ་ལེན་དུ་བྱང་ལ་སོང་ཡང་དྲན་རྒྱུ་ཨ་མ་ངེད་གཉིས་ལས་སུ་ཡོད། ཨ་ཕ་ནང་དུ་མགོ་ཐོན་ལམ་ཐོན་ངང་ལོག་ཡོང་ན་ངེད་གཉིས་ལ་བཀའ་བཀྱོན་གནང་ཡང་འགྱོད་གདུང་ག་ལ་ཡོད་ཅེས་པའི་གོ་རྒྱུ་ཅན་གྱི་སྐད་ཆ་དེ། དགུན་གྱི་ཁ་བ་དང་དབྱར་གྱི་ཆུ་གཏེར་ལྟར་བབས་པས་ཨ་མར་སེམས་གནད་བསྡུ་བྱའི་རྫ་རིའི་ཡིད་མུག་ལ་ངང་རིལ་རིལ་གྱི་ཁ་བའི་དབུ་ཞྭ་གྱོན་པ་དང་ནག་པོའི་གཡའ་ཙམ་ཡང་མེད་པར་གྱུར།

རང་གི་ཡོད་ཚད་ཀྱི་ཡོད་ཚད་སྙིང་དམར་པོའི་བུ་མོའི་གདོང་གི་རྣམ་འགྱུར་དང་སྐད་ཆའི་ནང་དོན་བསམ་གཞིག་ནན་པོ་རེ་བྱས་དུས། བསམ་ནས་བཤད་ན་གཏམ་ཡིན། ལྡད་དེ་མིག་ན་ཟས་ཡིན་ཞེས་ཨ་མས་བུ་མོར་བྱམས་རྩེའི་བསྟོད་བསྔགས་སྒྲ་མེད་ཕྱོགས་ཀུན་ཁྱབ། བོུ་ལ་ཡིད་མོས་རབ་ཏུ་འཕེལ་ཏེ་མ་བུའི་དགའ་ཚལ་ན་བྱམས་བརྩེའི་འདབ་སྟོང་མངོན་དུ་བཞད་འདུག སེམས་པ་འདི་རྫ་རི་ལས་ནག་རྒྱུ་མེད་ཀྱང་གངས་ཆུ་བཞིན་རྫ་འོག་ནས་རྒྱུ་བ་དང་སྐད་གཅིག་ཙམ་ཡང་ངལ་གསོ་མེད་པར་ཡང་དྲིན་ཆེན་མ་ལོས་བུ་མོའི་མ་འོངས་ཀྱི་མདུན་ལམ་དང་ཁྱིམ་ཚང་འདི་མུ་མཐུད་གོང་འཕེལ་ཡོང་བའི་རེ་བ་ཆེ་ཆེར་སྐྱོང་བཞིན་མ་བུ་གཉིས་རང་ཉིད་འཚོ་བར་མདུན་ནས་མདུན་དུ་བསྐྱོད་ཀྱིན་ཡོད། 

གསོས་དུས་མེད་པའི་ནད་པ། སླེབ་དུས་མེད་པའི་མགྲོན་པོ། ཞེས་པ་ལྟར། ཕ་རྒན་ཚ་ལེན་དུ་སོང་ནས་ཟླ་བ་ཧྲིལ་པོ་ཞིག་འཁོར་ལ་ཉེ་བས་རྣམ་རྒྱུན་ཨ་ཕ་བསླེབས་ཚར་ཚོད་ཡིན་པས་མ་བུ་གཉིས་ཀྱིས་སེམས་ཁྲལ་ངང་ཁོང་ནམ་ཕེབས་ལ་བྱིའུ་སྐོམ་པས་གནམ་ཆུ་སྒུག་པ་བཞིན་སྒུག་སྒུག་གི་དུས་རིམ་ནང་ཨ་མས་སྔར་སོང་གི་ལོ་ཟླ་རིང་མོར་ཕྱིར་འདང་ཡང་ཡང་ཤོར་བ་འདི་ལྟར་ཏེ། ཕ་རྒན་ལོ་ན་མཐོ་བས་ཐ་རིང་ལ་ཚ་ལེན་དུ་འགྲོ་རྒྱུར་ལས་སླ་བོ་ཞིག་ག་ལ་ཡིན། ད་དུང་ནང་མི་ཆུང་ཆུང་འདི་ཡི་འཚོ་གནས་ཀྱི་ཆེད་དུ་ལོ་འཁོར་བཞི་བཅུ་རིང་ངལ་དུབ་ཁྱད་གསོད་ཀྱིས་མི་ཚེ་རྫོགས་ལ་ཉེ་ཡང་། ལས་ལ་བྱ་ཡུན་རིང་ན་ངོ་སོ་ཆུང་། ཞེས་པ་ལྟར། ཁོང་གི་བཀའ་དྲིན་ལ་བསམ་ཤེས་དང་ལས་ལ་ངོ་སོ་ཚད་ལྡན་ཞིག་སྔོན་དུས་བྱ་མྱོང་མི་འདུག་སྙམ་པའི་ཚོར་འདུ་ཅིག་གིས་དྲངས། དམངས་གླུ་ཨ་མའི་འགྲམ་དུ་ཡོད་དུས། ཨ་མའི་བཀའ་དྲིན་མ་ཚོར། ཞེས་པའི་སྔར་མའི་ཁ་དཔེར་བདེན་འཛིན་རྣ་བའི་བུ་རམ་གྱུར་ཞིང་སྐྱིད་ལ་ཁའི་རྩ་ལ་མཉམ་ཟ་དང་སྡུག་ཀོ་མོག་གི་ཆུ་ལ་མཉམ་འཐུང་ཞེས་པའི་དཔེ་ལྟར། ཕ་རྒན་གྱི་བུ་ཚབ་དང་བུ་མོའི་མག་པའམ་ཁྱིམ་འཛིན་བྱེད་མཁན་ཞིག་མེད་ཐབས་མེད་པའི་སྐོར་བསམ་མནོ་གཏོང་བཞིན་པར་། བུ་མོ་ནང་དུ་ཡོང་བ་དང་ཁེལ་འོན་ཀྱང་ཨ་མས་བུ་མོར་ཡ་ལེན་མེད་པར་ཅི་ཞིག་ལ་སེམས་ཁུར་བྱེད་ཀྱིན་ཡོད་མེད་བུ་མོས་ག་ལ་རྟོགས།

འོལ་ཚོད་ཙམ་བྱས་ན་ཨ་མ་ལ་སེམས་ཁྲལ་ལྗིད་པོ་ཞིག་ཡོད་པ་ཐག་ཆོད་པས་སྡུག་ཁོག་ལ་བཅུག་ན་དུག ཁ་ལ་ཕུད་ན་སྨན་ཞེས་པ་ལྟར། ཁྱེད་ལ་མི་བདེ་བའི་སེམས་ནད་དང་མི་ཐེག་བའི་དཀའ་ཚིག་གང་ཡོད་པ་མ་གསང་པར་དྲང་པོ་གསུང་དང་ཁ་སང་བྱུང་བའི་དོན་གནད་སེམས་ལ་འཛིན་ན་ཕན་ཐོག་མེད་རབས་བཤད་ཀྱང་། མ་ཡུམ་ནི་སྒྲོལ་མ་སྔོན་མོའི་སྐུ་བཞིན་དུ་དྲག་འགུལ་ཙམ་ཡང་མེད་པར་ནམ་ཞིག་ལ་གསུང་བྱོན་པའི་རེ་བ་ཡང་དཀའ་ཙམ་གདའ། མཐར་ཨ་མས་མིག་ཟུང་རིམ་བཞིན་བུ་མོའི་ཕྱོགས་སུ་གཏད་དེ་བཤད་དོན། ཁྱིམ་འཛུག་རྒྱུ་སླ་ཡང་ཤུལ་བསྐྱང་རྒྱུ་དཀའ་བས། མ་འོངས་ཁྱིམ་ཚང་གི་འདིའི་རྒྱུད་འཛིན་བྱེད་མཁན་ཞིག་ངེས་པར་དགོས་པས་བུ་མོ་རང་གིས་གནད་དོན་འདི་ལ་བསམ་མནོ་བཏང་མྱོང་ཨེ་ཡོད་ཅེས་ངུ་མ་བགོད་ཀྱི་སྙིང་གཏམ་གྲངས་ཤུར་ཤུར་ལས། ཆུ་ཕྱེད་ཀ་བརྒལ་ན། ཧ་ཕྱེད་ཀ་གོ་ཞེས་ལ་ལྟར། ཨ་མས་བཤད་པའི་སྐད་ཆའི་ཐ་ཚིག་སྙིང་པོ་རྟོགས་རུང་བུ་མོ་ལ་འཇིག་རྟེན་གྱི་དཀའ་སྡུག་ཕྲ་རགས་ཀྱི་ཟུར་ཙམ་གྱི་བྲོ་བ་མྱོང་བ་མེད་པ་དང་ཕ་མ་གཉིས་ཀྱི་བྱམས་བརྩེའི་བདུད་རྩི་ཁྲོད་དུ་བཞད་པའི་དྲི་གཞོན་གྱི་འདབ་བརྒྱ་བ་དང་མཚུངས་པས་འབྱུང་འགྱུར་གྱི་ནམ་ཟླའི་འགྱུར་འགྲོས་དང་འཚོ་བའི་སྐྱིད་སྡུག་ལ་སེམས་ཁུར་རྩ་བ་ནི་བྱ་མྱོང་མེད།

དེར་བརྟེན་བུ་མོས་ཨ་མ་ལ་སེམས་གསོ་ག་འདྲ་བྱ་དགོས་མིན་མ་ཤེས་ཀྱང་ཆུ་མོས་འགྲོས་དང་བསྟུན་ཏེ་ཀོ་སྐྱ་རྒྱག་ལུགས་ཞེས་པ་ལྟར། སེམས་ཁྲ་ཆུང་ནང་དུ་མེད་པའི་འུད་སྒྲོག་གི་སྐད་ཅ་འདི་ལྟར་ཏེ་བདག་དི་དྲིན་ཆེན་མ་ལོ་ལགས། ལག་པར་ཤ་ཡོད་ན་གནམ་ཁར་བྱ་འཁོར་ཞེས་པའི་དཔེ་དེ་མ་གོའམ་ཞེས་ཚིག་སྤོབས་མཐོ་པོའི་ཐོག་ནས་ཨ་མ་རང་གཉིས་ལ་བུ་མོ་ང་ཡོད་པས་མག་པ་བཟང་པོ་ཞིག་ཅི་ལ་མི་རག་ཅེས་བཤད་པས། ཨ་མ་ནི་རྨོངས་དད་ཅན་གྱིས་གྲོང་གསེབ་པས་སྤྲུལ་སྐུ་རྫུན་མའི་ལེགས་བཤད་བཅོས་མ་དངོས་གསུམ་དུ་འཛིན་པའི་དད་འདུན་དང་གཅིག་མཚུངས་སུ་བསླེབས་པ་དང་ཨ་མས་རང་ཉིད་བུ་མོ་འདི་ལྷ་ཡི་སྲས་མོ་འདྲ་ཞེས་ངག་ནས་སྒྲ་མེད་དུ་ཡང་ཡང་ཤོར་རོ། འདི་ནི་གཅིག་བྱས་ན་ཨ་མས་བུ་མོ་ལ་ཡིད་མོས་ཤོར་སྲིད་ལ་གཉིས་ནི་མས་བུ་མོ་ལ་བསྟོད་རྒྱུ་ནི་གཞན་བློ་སོང་དང་མ་སོང་ཨོང་ཤ་སྡུག་ཀྱང་རང་ཤ་ཞེས་པ་ལྟར་འཇིག་རྟེན་ཆོས་ཉིད་ལས་མ་འདས་སོ།

སྒུག་ཡུན་རིང་བའི་ཕ་རྒན་ནི་རང་ཉིད་དང་ལྷན་དུ་ཕར་བལྟས་ན་ཕ་རྒན་རང་དང་ན་ཚོད་མཉམ་འདུག་བཤད་ཀྱང་བདེན་པར་འཛིན་པའི་མགྲོན་པོ་ཤིག་དང་མཉམ་དུ་དགོང་མོ་མཚམས་སྤྲིན་དང་ལྷན་དུ་ནང་ལ་འབྱོར། སྐབས་འདིར་ཨ་མར་ཕ་རྒན་བདེ་ཐང་ངང་ལོག་ཡོང་བའི་དགའ་ཚུལ་གྱི་ལྷ་ལམ་ལྟོངས་སུ་མི་རྒན་ཡོང་དོན་རྩ་བ་གང་ཡིན་མ་ཤེས་པའི་དོགས་པའི་ཆུ་འཛིན་གྱི་ཕུང་པོ་ལང་ལོང་དུ་གཡོ་བཞིན་ཁོང་རྣམ་གཉིས་ཞབས་ཞུ་དང་སྣེ་ལེན་ཟབ་རྒྱས་གནང་། བུ་མོས་སྒོ་ཕྱུགས་ལྷས་སུ་འདེད་ཡོང་སྐབས་རྟ་རྒན་ངང་པས་“བུ་མོ་ཡ་ཨ་ཕ་ངེད་གཉིས་ནང་དུ་བསླེབས་ཡོད་”ཅེས་འཚམས་འདྲི་ཞུས་པ་དང་མཚུངས། ལྷས་ར་དང་རྒྱང་ཐག་མི་རིང་བའི་ཆུ་མིག་འཁྲིས་ཀྱི་སྤང་ལེབ་ན་ཡོད་པས་བུ་མོས་ཨ་ཕ་ནང་དུ་བསླེབས་ཡོད་པའི་ཚོད་དཔག་ཐུབ་པ་མ་ཟད་ཨ་ཕ་མཐོང་འདོད་ཀྱི་རྟ་ཕོའི་མིག་ལ་ཡང་ཡང་ལྕག་ཀྱིས་བྲབས་པས་ཁྱིམ་ཚང་གི་མཐའ་སྐོར་དུ་ཡང་སྲིད་བལྟ་རུ་ཤོར།

བུ་མོས་ཕྱུགས་རྣམ་ཚ་ཚ་འུར་འུར་གྱིས་ལྷས་སུ་བཅུག་བཞིན་པའི་སྐབས་ཨ་ཕས་བུ་མོ་ཞེས་འབོད་པའི་སྒྲ་དེ་རེ་སྒུག་བྱེད་ཀྱིན་ཡོད་ན་ཡང་ནོར་ཚང་མ་རྡང་ལ་བཏགས་ཚར་ཡང་ཨ་ཕ་ཕར་ཞོགས་ཨ་མ་ཡང་མཐོང་སར་མེད་པའི་དོགས་པའི་ཁྲོད་དུ་ཨ་མ་ལྷས་རར་འཛུལ་བ་དང་ཁེལ་བས་བུ་མོས་ཤེས་བཞིན་དུ་ཨ་ཕ་བསླེབས་སོང་ངམ་ཞེས་དྲིས། རྒྱུན་མཚན་ནི་ཨ་ཕ་ཐག་རིང་ཐུང་གང་དུ་སོང་ཡང་ཕྱིར་ལོགས་རྗེས་ལྷ་ར་ནང་དུ་སྤྲོ་གསེང་དུ་ཡོང་བ་དང་ཨ་ཕའི་བུ་མོ་ཞེས་གཅེས་འབོད་ཀྱང་བྱེད་ཀྱི་ཡོད། དེ་ནི་བུ་མོ་ལ་མཚོན་ན་ཆེས་དགའ་བའི་དུས་ཤིག་ཀྱང་ཡིན། ད་དུང་སྐབས་དེ་དུས་ཨ་ཕའི་འགྲུལ་བཞུད་དང་ལས་དོན་ལ་དཀའ་ཚེགས་ཇེ་འདྲ་བྱུང་མིན་ཨ་ཕའི་སྣུམ་རྡག་རྡག་གི་ཞལ་རས་དམར་ནག་ལས་རོབ་ཚོད་ཐུབ་ཀྱི་ཡོད་ལ། བུ་མོ་རང་ཉིད་ཀྱང་ཨ་ཕའི་ཞལ་གསུང་མཐོང་ཐོས་སུ་གྱུར་བར་ཕྱི་ཁུང་ནང་གི་ཕྱི་བས་དབྱར་སྐྱེས་རྔ་སྒྲ་ཐོས་པ་དང་མཚུངས་སོ།

ཕ་ཁུ་སྤྱི་གྲོས་དང་མ་སྲུ་སྒེར་གྲོས་ཞེས་པ་ལྟར་། ཨ་མས་ཨ་ཕ་བདེ་ཐང་ཡིན་ལུགས་དང་སྐུ་མགྲོན་མགྲེས་སོང་ཞིག་ཀྱང་ཕྱག་རོགས་སུ་ཁྲིད་འདུག་པས་ཨ་ཕས་བུ་མོ་ལ་འཚམས་དྲི་ཞུ་ཁོམ་མེད་པ་དང་ངས་ཀྱང་ནང་གི་དགོང་ལྟོ་གྲ་སྒྲིག་བྱེད་བཞིན་ལྷག་སོང་ཞེས་གནས་ལུགསགསལ་བཤད་བྱས་པ་དང། སྤྱིར་ཨ་མའི་སྐད་ཆ་དེ་བུ་མོའི་སྨན་ལ་སོང་ཡང་མགྲོན་པོ་དེ་ཡོང་དོན་མ་ཤེས་ཀྱང་བུས་བུ་མོ་ལ་མི་བསམ་མཁན་ཞིག་དང་བུ་མོས་བུ་མི་བསམ་མཁན་ཞིག་སྲིད་པའི་ཁྱོན་ན་མེད་དུས། ཕ་ཁྱིམ་སོང་གི་མགྲོན་པོ་དེ་བགྲེས་སོང་ཡིན་པས་བུ་མོའི་ཐུགས་ལ་མ་བབས། དེ་ལྟར་ནག་མོའི་ལོོོང་གཏམ་གྱི་རྟ་པའི་ཉིན་ལམ་འགོག་ཅེས་པ་ལྟར། ལྷས་ར་ནང་གི་སྒོ་ཕྱུགས་ཚང་མ་ཉལ་ཚར་བ་མ་ཟད་སྐྱུག་ལྡད་དང་འགྲང་སྐད་སོགས་ཀྱིས་བུ་མོ་དང་ཨ་མ་གཉིས་ཀྱི་ལོང་གཏམ་ལ་འགྲན་ཟླ་བྱེད་པ་མཚུངས། ད་གཟོད་གཞི་ནས་དུས་ཡུན་གང་ཙམ་ཕྱིན་པ་ཧ་གོ་ཞིང་བྲེལ་ཚུབ་ངང་ནང་དུ་ཡོང་ཞོར་སྒེ་ཁུང་ནས་ཁ་ཏའི་སྒྲ་ཐོས་པ་དང་ལྐོག་ཉན་བྱས་ཀྱང་ཁོང་རྣམ་གཉིས་ཀྱི་ཁ་ཏའི་རྒྱུད་རིམ་ཁྲོད་སྒྲ་ཙམ་ལས་ཚིག་དོན་མི་གོ་པས་མ་བུ་གཉིས་ནང་དུ་ཤར་མར་འཛུལ་བ་དང་ཁོང་རྣམ་གཉིས་ཀྱི་སྐད་ཆའི་གཞུག་བཅད། མ་ཟད་གདོང་གི་རྣམ་འགྱུར་ག་གེ་མོ་ཞིག་ལས་གསང་བའི་གནད་དོན་ཞིག་ཡོད་པ་ཚོད་དཔག་ཐུབ་ཀྱིན་ཡོད། འོན་ཀྱང་བུ་མོས་ཞལ་འཛུམ་དང་བཅས་ཁྱེད་གཉིས་མ་དཀའ་འམ་ཞེས་འཚམས་འདྲི་ཞུས་པ་དང་སྦྲག་ནང་མི་མཉམ་འཛོམས་ཀྱི་སྒོད་སྒྲས་སྒོ་ཁའི་འདོགས་ཁྱི་ཡང་དཀྲོག་བཞིན་མཆིས།

ཉི་ཤར་སྦར་མོས་མི་ཁེབས་ཞེས་པ་ལྟར། ཨ་མ་ལ་མ་མོ་གཡང་དཀར་གོད་པའི་གསང་བ་དང་ཁྱིམ་ཚང་གི་མགྲོན་པོ་ཆ་མེད་རྒྱུས་མེད་ཡོང་དོན་ཚང་མ་གསལ་པོ་མ་ཟོས་ན། ཉིན་ལ་བག་ཕེབས་ཀྱི་བློ་དང་མཚན་ལ་གཉིད་སྐྱིད་པོ་ཞིག་ཁུག་ཐབས་བྲལ་བཤད་ཀྱང་ཆོག་པ་ཞིག་ཏུ་གྱུར། རྒྱུ་མཚན་ནི་དང་པོ་མ་བུ་གཉིས་སྔོན་བྱུང་གསང་བ་བཤད་མ་ཐུབ་པ་དང་གཉིས་ནི་བུ་མོས་མགྲོན་པོའི་སྐྱོན་སྣེ་རེ་ལ་སྒྲོ་བཏགས་བྱས་ཏེ་ཨ་མའི་རྣ་བར་རྐང་བཙུགས་ཏེ་བླུགས་པ་སོགས། མ་རྒན་ལ་མཚོན་ན་གནས་བདེ་དུས་འཇམ་གྱི་འཚོ་བ་དེ་ཟང་ཟིང་གི་སྤྱི་ཚོགས་ཤིག་གིས་རྣམ་པར་མ་གྱུར་ཡང་སེམས་བསམ་པའི་བར་གསེང་ན་གནས་ཟོས་མི་བདེ་བའི་སྣང་དོགས་ཀྱིས་བཅིངས། ཕ་རྒན་དང་བསམ་ཚུལ་བརྗེ་ལེན་བྱེད་པའི་གོ་སྐབས་འཚོལ་བཞིན་ཡོད།

བུ་མོ་སྒྲོལ་མ་ལ་ཡང་ཨ་ཕས་བྱམས་བརྩེའི་གཅེས་སྐྱོང་ཚབ་ཏུ་ཁ་ནས་ཡོད་ཚད་ཁྱོད་ཀྱི་ཆེད་དུ་ཡིན་ཟེར་ཏེ་མགྲོན་པོ་མཉམ་དུ་བསླེབས་པ་ནས་བཟུང་སྟེ་ཚིག་འཇམ་དང་བསྟོད་ཚིག་ཚབ་ཏུ་ཁྲོ་གཏམ་ལས་ཅི་ཡང་མི་མངོན།

དེར་བརྟེན་མ་རྒན་གྱིས་ཉིན་ཞིག་ཕ་རྒན་ཁམས་གཤིས་དང་བ་དང་བསྟུན་ཏེ་ཕྱུགས་རྫིར་བཏང་རྗེས་ཨ་མས་རྫི་གྲོ་དུ་གཡག་ཤ་རྩིབ་མ་དང་ཇ་མར་རྩམ་པ་བཅས་སྒྱེ་མོར་བླུགས་ཏེ་སྒོ་ལ་ཐོན་པ་དང་རང་ཉིད་བུ་མོར་ལས་བྱ་ལ་ཕྱིར་འབོད་བྱིད་ཀྱིན་དེ་སྒྲ་གསང་བ་འཇུག་པའི་ཚིག་དོན་འགས་དོན་མེད་དུ་མགྲོན་པོ་དེ་བོང་བུ་ལས་ལྐུགས་ཙམ་དང་རི་བོང་ལས་ཨམ་མཆོག་རིང་ཙམ་བཟོས། ད་དུང་བུ་མོས་གོ་སྐབས་དེ་བཟུང་སྟེ་བོང་རྒན་ཁྱོད་དུ་འགྲོ་མཉམ་དུ་རྩ་ཟ་རུ་རྒྱུགས་ཤིག་ཅེས་པའི་རྣམ་འགྱུར་དང་གསང་བརྡ་ལས་གཞན་ཅི་ཡང་མ་མངོན། སྐྱུག་གྲོ་ཡང་། ཨ་པའི་ལྟོ་ཕོར་ཞེས་པ་ལྟར། བུ་མོས་མགྲོན་པོར་ཁ་ཡ་བྱེད་འདོད་པའི་དྲི་གཞོན་གྱི་སེམས་པ་མེད་ན་ཡང་ཕ་རྒན་གྱིས་བསུས་ཡོང་བའི་མགྲོན་པོ་ཞིག་ཡིན་རྒྱུ་ན། དེ་དང་ཁ་ཏ་བཅོས་མ་ཞིག་དང་ནང་ལས་ཙག་ཙིག་ཅིག་གིས་ཉིན་མོ་འཁྱོལ་ཐབས་སུ་འབད།

མགྲོན་པོ་དེ་ཡང་རྣམ་པ་མེད་ལ་གཞན་ལ་བཅོས་མའི་བསྟུན་མཁས་བྱ་བའི་གོམས་གཤིས་སྣེ་གཅིག་མེད་པས་ལས་ཅི་གཙོག་དང་ཚིག་ཅི་རྩུབ་ཀྱི་ཀུན་སྤྱོད་ལས་གཞན་མ་མཆིས་ཤིང་ཁོ་རང་ད་བར་དུ་ཕོ་ཧྲིང་དུ་ལུས་ཡོད་ཀྱང་། རང་བསྟོད་བྱ་རྒྱུ་གཙོ་བོ་འཛིན་པས་བུ་མོ་ཉིན་རེ་ལྟར་ཁོ་དང་མཉམ་དུ་སྡོད་པའི་སེམས་པ་དེ་མེད་པར་གྱུར་བས་མགྲོན་པོར་མིག་ཡག་ཙམ་བལྟ་བར་མི་འདོད། དེར་བརྟེན་མགྲོན་པོ་ཡང་གནས་ཟོས་མི་བདེ་བར་གྱུར་བས་བུ་མོའི་ལུས་ཀྱི་རྣམ་འགྱུར་དང་ཚིག་གི་ཟུར་ཟ་མཉམ་རོལ་བྱེད་མ་འདོད་པར་ཆ་རྒྱུས་མེད་པའི་ཁོར་ཡུག་གི་མཛེས་ལྗོངས་དེ་དག་མྱོང་རོལ་བྱེད་བཞིན་ལམ་བུ་ཞིག་བརྒྱུད་དེ་ཕྱིར་མིག་ཙམ་ཡང་མེད་པར་བསྐྱོད།

 འོན་ཀྱང་མུ་མཐའ་མེད་པའི་བར་སྣང་ན་ཆུ་འཛིན་ཕུང་པོ་གངས་ལས་དཀར་ཙམ་དང་གླང་པོ་ཆེ་ལས་ཆེ་ཙམ་ད་དུང་གཡག་དཀར་པོའི་རྔ་མ་གནམ་ལ་འཕྱར་འདྲ་སོགས་སྲོག་ཆགས་ཀྱི་གཟུགས་དབྱིབས་སྣ་ཚོགས་ཁྱུ་ཚོགས་དང་ཁྱུ་ཚོགས་བྱས་ཏེ་རང་དབང་མེད་པར་ཕྱོགས་བཞི་རུ་རྒྱུ་བ་དེས་མ་རྒན་གྱི་ལས་བྱ་ལ་འགྲན་ཟླ་བྱས་པ་དང་ཅི་མི་མཚུངས་། དུས་ལ་བབས་ན། ཤ་མོས་སྤང་རྟོལ་ཞེས་པ་ལྟར། ཁྱིམ་ཚང་མག་པ་དགོས་པའི་དུས་ལ་བབས་པས་ཁོང་རྣམ་གཉིས་ཀྱིས་གཉེན་སྟོན་གང་མགྱོགས་བྱ་རྒྱུའི་བགྲོ་གླེང་ལྷུག་པོར་གནང་། དགོངས་མོ་མཚམས་སྤྲིན་དང་བསྟུན་སྒོ་ཕྱུགས་ལྷས་སུ་བཅུག་ཏེ་འཛུམ་མུལ་མུལ་ངང་ནང་དུ་ལོག།

ཁྲི་གདུགས་ཉི་མས་དེད་ན། སྐྱ་རེངས་མི་འཆར་ཀ་མེད་ཅེས་པ་ལྟར། ཡུན་རིང་མ་སོང་བར་འབྲོག་པ་ཚང་གཉེན་སྟོན་བྱ་རྒྱུ་གཏམ་དེ་ཡུལ་ལུང་གང་སར་ཁྱབ་དོན་མེད་ཀྱང་ཁྱིམ་ཚང་ཆུང་ཆུང་ནང་ཕྱི་གསལ་ནང་གསལ་དུ་གྱུར། འོན་ཀྱང་བུ་མོ་ལང་ཚོའི་དཔལ་ཡོན་རྒྱས་པའི་ང་རྒྱལ་དང་སྤོབས་པས་ཁེངས་པས་ཆ་མེད་རྒྱུས་མེད་ཀྱི་ཕ་རྒན་ཐེབས་ཆག་ཅིག་དང་ལྷན་དུ་མི་ཚེའི་ལམ་བུ་བརྒྱུད་པའི་སེམས་ཁམས་ཤིག་གཏན་ནས་ཡོང་ཐུབ་ཀྱིན་མེད།

བོད་རྒྱལ་ལོ་༢༡༤༩ཕྱི་ལོ་༢༠༢༣།༡།༡༧ཉིན།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*