དགེ་བྷེའི་གཞས་ཚིག་ནང་ན

                                                                              གསེར་རྟ། ཚུལ་ཁྲིམས་འོད་ཟེར།

དགེ་བྷེའི་གཞས་ཚིག་ནང་ན་ཕ་རྒྱུད་སྤྲེལ་ལས་ཆད་པའི་བྱང་སེམས་ཆེན་མོའི་སེམས་བསྐྱེད་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་མ་རྒྱུད་བྲག་སྲིན་ཟེར་བའི་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་གངས་ཀྱི་མཐའ་མཚམས་བསྲུང་བའི་མི་རིགས་ཤིག་གི་གཏམ་རྒྱུད་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་མ་ཉམས་དགུང་དུ་འཕྱུར་བའི་བོད་པ་ཚང་གི་སྲོལ་རྒྱུན་ཡོད།།

དགེ་བྷེའི་གཞས་ཚིག་ནང་ན་བཙན་པོའི་རྡོ་རུ་བྲིས་པའི་མཛད་རྗེས་གསེར་གྱི་ཐང་མ་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་རྒྱ་བཟའ་མནའ་མར་ཁྲིད་པའི་ནོམ་པ་ཇོ་བོའི་མཆོད་སྡོང་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་སུམ་གཉིས་དབང་དུ་བསྡུས་པའི་མེས་དབོན་རྣམ་གསུམ་ཀྲོང་ངེར་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་རྒྱལ་རབས་ཞེ་གཉིས་ཡོད་པའི་བོད་པ་ཚང་གི་ལོ་རྒྱུས་ཡོད།།

དགེ་བྷེའི་གཞས་ཚིག་ནང་ན་དབུས་ཀྱི་ཕ་མཁར་བརྟན་པོའི་བརྗིད་ཆགས་ལྷུན་གྱིས་བཟོ་བཀོད་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་ཕོ་བྲང་དཀར་དམར་ཆགས་པའི་ས་ལྒང་ཧྲིལ་བོའི་རྒྱལ་མཚན་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་མཛེས་ཤིང་ལྟ་ན་སྡུག་པའི་ཨ་མདོ་བུ་མོའི་གནས་ལམ་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་ཁམས་ཀྱི་ཕོ་སར་དག་གི་ཚེ་ཡི་རོགས་སུ་གྱུར་བའི་ཆུང་མ་ཡོད།།

དགེ་བྷེའི་གཞས་ཚིག་ནང་ན་ཨ་ཕའི་རྔུལ་ཆུས་བསྐྲུན་པའི་ཁྱིམ་ཚང་ཅིག་གི་དྲོད་ཁོལ་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་ཨ་མའི་ཁོ་བོར་བསླབ་པའི་བྱམས་བརྩེའི་འོད་ཟེར་རྟག་ཏུ་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་ཤ་ཁྲག་གཅིག་ལས་ཆད་པའི་གཉེན་ཉེ་དག་གི་ལམ་སྟོན་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་རང་བཞིན་ཤུགས་ཀྱིས་གྲུབ་པའི་ཆོས་ཉིད་རང་བཞིན་ངོ་མ་ཡོད།།

དགེ་བྷེའི་གཞས་ཚིག་ནང་ན་མ་འདྲེས་ཡིད་དུ་དྲན་པའི་ཆུང་འདྲིས་བྱམས་པའི་སྙན་ངག་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་སེམས་ཀྱི་སྐྱོ་བ་སངས་བའི་སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་ཡོད།།
དགེ་བྷེའི་གཞས་ཚིག་ནང་ན་ཚིག་གི་དམ་བཅའ་འཇོག་པའི་སེམས་སོང་བུ་མོ་འཆར་བྱེད་ཡོད།།
དགེ་བྷེའི་གཞས་ཚིག་དག་ནི་གཞས་ཚིག་གཞན་ལས་གཞས་ཚིག་མཚན་ཉིད་དངོས་ཅན་ཡིན།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*