ཀླུ་ལྡིང་༧མཁན་ཆེན་ཆོས་ཀྱི་རྒྱལ་པོར་གསོལ་འདེབས།

༄༅། །རྗེ་བཙུན་བླ་མ་བདེ་བར་གཤེགས་པ་ཀླུ་ལྡིང་༸མཁན་ཆེན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས་མ་ཞེས་བྱ་བ་བཞུགས་སོ། །

མཐའ་དག་འགྲོ་ལ་ཕན་བཞེད་ཐུགས་རྗེ་དང་། །གནས་ལུགས་ཇི་བཞིན་རྟོགས་པའི་བློ་གྲོས་ཀྱིས། །མདོ་སྔགས་གསུང་རབ་དོན་ལ་དབང་འབྱོར་ཞིང་། །སྙན་བརྒྱུད་གདམས་པས་ཕྱུག་ལ་གསོལ་བ་འདེབས། །འཇམ་དབྱངས་བླ་མའི་བྱིན་རླབས་ཕོག་པའི་འོད། །ས་བསྟན་མཛེས་པའི་མཁའ་ལ་རྣམ་རོལ་ཞིང་། །སྐལ་བཟང་འདུལ་བྱའི་པདྨོ་སྨིན་མཛད་པ། །ཤར་ཆེན་ཆོས་ཀྱི་ཉི་མར་གསོལ་བ་འདེབས། །ཕུལ་བྱུང་རིགས་ཀྱི་གངས་རི་མཐོ་བའི་སྤོར། །ལྷག་བསམ་དཀར་ པོའི་ཟླ་ཟེར་གྱིས་འཁྱུད་ཅིང་། །དམ་པའི་སྤྱོད་ཚུལ་ཆུ་གཙང་འབབ་པའི་གཞི། །འདྲེན་མཆོག་རི་དབང་ལྷུན་པོར་གསོལ་བ་འདེབས། །ངུར་སྨྲིག་རྒྱལ་མཚན་འཆང་བ་ཀུན་གྱི་གཙོ། །ཐེག་ཆེན་བསླབ་པའི་དཔལ་གྱིས་མཆོག་ཏུ་མཛེས། །མཆོག་ཐུན་དངོས་གྲུབ་གཏེར་གྱུར་རིམ་ གཉིས་ཀྱི། །རྣལ་འབྱོར་མཐའ་རུ་ཕྱིན་ལ་གསོལ་བ་འདེབས། །ལེགས་གསུང་འདུལ་བའི་བསླབ་ དོན་གཉེར་བ་ཁྱུ། །སྐལ་བ་ཇི་བཞིན་དགེ་ཚུལ་དགེ་སློང་གི །དྲི་མེད་སྡོམ་པ་འབོག་ལ་མཁས་པའི་ཕུལ། །དགྲ་བཅོམ་གནས་བརྟན་ཆེན་པོར་གསོལ་བ་འདེབས། །རྣམ་དག་གསོལ་འདེབས་ཉིན་བྱེད་གཞོན་ནུ་ཡིས། །འགྲོ་བློའི་སྨག་གི་མུན་པ་ཀུན་བསལ་ནས། །ཡང་དག་དོན་གྱི་པདྨོ་ཁ་ཕྱེ་སྟེ། །དོན་གཉེར་བུང་བ་སྐྱོང་བར་བྱིན་གྱིས་རློབས། །

ཞེས་པ་འདི་ཡང་༸སྐྱབས་མཆོག་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་སྐབས་བློ་ཕམ་དང་ཡིད་གདུང་ཚད་མེད་བཅས། མ་བསྐུལ་དང་བའི་བློས་ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགས་སྦྱར་བ་འགྲོ་ཀུན་དཔལ་ལྡན་བླ་མ་དམ་པས་རྗེས་སུ་འཛིན་པར་གྱུར་ཅིག་གུ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*