བྲག་གཡབ་བློ་གྲོས་མཆོག་ལ་བསྟོད་པ་མི་ཟད་ཆུ་གཏེར་རྒྱ་མཚོ།

འབི་ཕུན་ཚོགས་རིན་ཆེན། བྲག་གཡབ།

ན་མོ་གུ་རུ་མཉྫུགྷོ་ཥཱ་ཡ།

བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །

ཆོས་ཀྱི་རྒྱལ་པོ་འགྲོ་བ་དུ་མའི་མགོན། །

གདུལ་བྱའི་དོན་དུ་བྲག་གཡབ་ས་སྐྱའི་ཁོངས། །

རབ་བྱུང་བཅོ་ལྔའི་མེ་སྤྲེལ་ར་བ་རུ། །

ལྷུམས་སུ་བཞུགས་པར་མཛད་ལ་ཕྱག་འཚལ་ལོ། །

ཆིག་སྟོང་བརྒྱད་བརྒྱ་དྲུག་ཅུ་རེ་དྲུག་ལོར། །

དབུ་ཡག་གྲོང་དུ་བལྟམས་པ་ནས་བཟུང་ནས། །

ཡུལ་དེར་བཀྲ་ཤིས་དགེ་བའི་རྟགས་བྱུང་པ། །

བློ་ལྡན་ལོ་ཆུང་ཁྱེད་ལ་ཕྱག་འཚལ་ལོ། །

གཞོན་ནུའི་དུས་སུ་བློ་གསལ་དྲན་ཤེས་བརྟན། །

ཞལ་ལྕེ་བདེ་བས་ཡུལ་མི་རྒན་དག་གིས། །

མ་འོངས་པར་ན་ཡུལ་གྱི་དཔོན་པོ་ཞིག །

ཚར་འགྱུར་ལུང་དུ་བསྟན་ལ་ཕྱག་འཚལ་ལོ། །

སྐུ་ནར་སོན་དུས་དཔལ་ལྡན་འབེ་ཉའི་དགོན། །

གྲྭ་གྲལ་ཚོགས་སུ་བཞུགས་ཏེ་སྒྲིག་སྲོལ་བཞིན། །

རྨང་གཞི་འབྲི་ཀློག་སྤྱངས་ནས་དུས་དེའི་ཚེ། །

ཕུལ་བྱུང་བློ་རྒྱུགས་ཕུལ་མཛད་ཕྱག་འཚལ་ལོ། །

དེ་ནས་བཟུང་སྟེ་ཨེ་ལྦཾ་ཆོས་ལྡན་དུ། །

ཐར་རྩེའི་མཁན་པོའི་དྲུང་དུ་སྡོམ་པ་ཞུས། །

ས་སྐྱ་གོང་སོགས་དབུས་ཀྱི་གཙང་ཡུལ་དུ། །

མཇལ་སྐོར་གནང་བར་མཛད་ལ་ཕྱག་འཚལ་ལོ། །

དེ་ཡི་ཚེ་ན་ཁམས་བྱེའི་བཤད་གྲྭ་རུ། །

ཐོག་མར་ཕེབས་མཛད་མཁན་རབས་གཉིས་གསུམ་བརྟེན། །

བོད་ཆེན་དྲུག་དང་ཐུན་མོང་རིག་གནས་ལ། །

ས་སྟེང་འགྲན་མེད་གྱུར་པ་ཕྱག་འཚལ་ལོ། །

སྔགས་སྐོར་ཟབ་ཆོས་མཁན་ཆེན་མཁྱེན་རབ་ཀྱི། །

དྲུང་དུ་གསན་ཚེ་སློབ་མའི་གཙོ་གྲས་པ། །

མདོ་སྔགས་སྨྲ་བའི་མཁས་པ་བརྒྱད་གྲགས་ལས། །

བློ་མདོ་རྩེར་སོན་གཉིས་ལ་ཕྱག་འཚལ་ལོ། །

གཞན་ཡང་མཁྱེན་བརྩེ་མཆོག་དང་ངག་དབང་ལེགས། །

མཁན་ཆེན་གཞན་དགའ་སོགས་ཀྱི་དྲུང་ལམ་དུ། །

ཐུན་མིན་ལམ་འབྲས་བུ་དང་གདམས་ངག་རྒྱུད། །

གསན་པས་མཁས་གྱུར་ཁྱེད་ལ་ཕྱག་འཚལ་ལོ། །

དེ་ཚེ་མཁྱེན་སེང་མཆོག་དང་བློ་གྲོས་དང་། །

༧གོང་མ་ལ་སོགས་མཁས་བཙུན་བཟང་ལྡན་པའི་། །

རིས་མེད་སྐྱེས་ཆེན་དག་གི་དུས་ཀུནད་ཏུ། །

སྔགས་ཡུལ་གྱུར་པ་གང་ལ་ཕྱག་འཚལ་ལོ། །

གང་གི་མཛད་སྤྱོད་དག་དང་རྣམ་དཔྱོད་སོོགས། །

སྟོན་པ་གང་དང་ས་སྐྱ་པཎ་ཆེན་འདྲ། །

བྱམས་དང་སྙིང་རྗེ་སྟོབས་པོ་ཆེ་སོགས་ཀྱིས། །

དུས་མཐའི་འབངས་མི་བསྐྱངས་མཛད་ཕྱག་འཚལ་ལོ། །

དེའི་སྐབས་རབ་བྱུང་བཅུ་དྲུག་ལྕགས་ལུག་ཏུ། །

ཁམས་ཀྱི་བཤད་གྲྭའི་ཆོས་ཀྱི་ཁྲིར་ཕེབས་ནས། །

མཁན་རབས་བཞི་པའི་ཐུགས་འགན་ཚངས་བར་བཞེས། །

མཁན་ཆེན་བློ་གྲོས་གྲགས་ལ་ཕྱག་འཚལ་ལོ། །

གཞན་ཡང་ཡུལ་དེའི་འབངས་དང་ས་ཕྱོགས་སུ། །

དགོན་སྡེ་ལ་སོགས་ཆོས་ཀྱི་ཡུལ་ཁག་ཏུ། །

བྱོན་པར་མཛད་ནས་རྒྱལ་བའི་བསྟན་པ་གཉིས། །

མང་དུ་སྤེལ་བར་མཛད་ལ་ཕྱག་འཚལ་ལོ། །

དེ་ནས་བཟུང་སྟེ་བྲག་གཡབ་ཡུལ་ལུང་དུ། །

བྱོན་ནས་དགོན་པ་གསུམ་གྱི་སྔར་མེད་སྲོལ། །

དབྱར་གནས་ལ་སོགས་ཆོས་ཀྱི་བཤད་པ་སོགས། །

ལེགས་སུ་བཙུགས་པར་མཛད་ལ་ཕྱག་འཚལ་ལོ། །

དེ་ཚེ་ཡུལ་དེའི་སྐྱེ་འགྲོ་འབངས་མི་སོགས། །

གང་ལ་དད་པ་ཐོབ་པས་གང་ཉིད་མཆོག །

མཐོང་མ་ཐག་ཏུ་སེམས་པ་ཆོས་ལ་ཕྱོགས། །

ཐབས་མཁས་གང་འདུལ་དེར་སྟོན་ཕྱག་འཚལ་ལོ། །

ཆབ་མདོ་དགོན་ཆེན་གཙུག་ལག་ར་བ་རུ། །

ཆོས་རྩོད་བརྩད་ནས་སྔ་རྒོལ་ཕམ་མཛད་པས། །

གང་གི་ལྟག་ཏུ་རྡོ་ཆུང་བརྒྱབ་ཅེས་གྲགས། །

མདོར་ན་དམ་ཆོས་སྤེལ་བར་ཕྱག་འཚལ་ལོ། །

ད་ནི་ཉིད་ཀྱི་སྐུ་ཚེ་ཐ་མ་སྟེ། །

གསར་བརྗེའི་སྐྱོ་གར་དཔོན་པོའི་ལམ་ལུགས་སུ། །

བྲག་ལྗོངས་ཡུལ་གྱི་བཙོན་ཁང་ནག་པོ་དེར། །

སྟེས་དབང་བཞུགས་པར་མཛད་ལ་ཕྱག་འཚལ་ལོ། །

གང་ཉིད་བཙོན་དུ་བཞུགས་པ་མཁྱེན་བརྩེས་ཐོས། །

དེ་ཡི་མོད་ལ་འཇམ་དབྱངས་མཚན་ཅན་དེ། །

རེ་ཞུ་ཕུལ་བར་བརྫངས་པས་བཙོན་ནས་ལོན། །

མཁྱེན་བརྩེའི་ཐུགས་སྲས་མཆོག་ལ་ཕྱག་འཚལ་ལོ། །

དེ་ནས་སླར་ཡང་གསེར་ལྗོངས་དགོན་ཡུལ་དང་། །

ཐང་སྐྱ་དགོན་སོགས་བོད་ཡུལ་མང་པོ་ནས། །

དམ་ཆོས་རྒྱ་ཆེར་སྤེལ་ཏེ་སློབ་མའི་མཆོག །

ཨ་པད་ལ་སོགས་བསྐྱངས་ལ་ཕྱག་འཚལ་ལོ། །

གཞན་ཡང་ཆོས་རིག་གཉིས་ཀྱི་ལུགས་མཐུན་པའི། །

གསུང་རྩོམ་ཟབ་སྙན་མང་དུ་གསུངས་མཛད་དེ། །

མཁས་པའི་བྱ་བ་གསུམ་ལ་བྲེལ་བྲེལ་ངང་། །

མཁས་པའི་བརྟུལ་འཛིན་མཆོག་ལ་ཕྱག་འཚལ་ལོ། །

སླར་ཡང་སྟེས་དབང་སོགས་ཀྱིས་རྐྱེན་བྱས་པས། །

བྲག་གཡབ་བཙོན་ཁང་ནང་དུ་བཞུགས་པར་མཛད། །

མི་ཚེའི་སྐྱོ་གར་ཐུན་གཉིས་སྟོན་པ་ལགས། །

བྲག་གཡབ་བློ་གྲོས་མཆོག་ལ་ཕྱག་འཚལ་ལོ། །

འོན་ཏེ་འཇིག་རྟེན་ཡུལ་གྱི་ལོ་རྒྱུས་སུ། །

བལྟས་པའི་ཐ་ལ་སྐྱེས་ཆེན་རྩེར་སོན་དག །

བཙོན་དུ་ཐུན་འགར་འཛུལ་བ་མཁས་གཤིས་མཐོང་། །

དམ་པའི་རྣམ་ཐར་འཛིན་པ་ཕྱག་འཚལ་ལོ། །

དེ་བཞིན་བཙོན་དུ་བཞུགས་ནས་ལོ་འགའི་རྗེས། །

རབ་བྱུང་བཅུ་དྲུག་ལྕགས་གླང་ལོ་ཟླ་སྟེ། །

ཆིག་སྟོང་དགུ་བརྒྱ་དྲུག་བཅུ་རེ་དགུ་ལོར། །

མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །

དེང་དུས་ཡུལ་གྱི་ལུང་པ་ས་འདི་རུ། །

ཆེ་བས་ཆེ་བར་ནང་ལ་ཕྲག་དོག་བྱེད། །

ཅོལ་ཅུང་ཆོས་རྒྱུད་སླད་དུ་འཐེན་ཁྱེར་བྱེད། །

བླ་མ་དམ་པས་ཀུན་ཏུ་སྐྱོངས་ཤིག་ཀྱེེ། །

གང་གི་རྣམ་པར་ཐར་པ་འདི། །

ཅུང་ཙམ་བརྗོད་པ་བསོད་ནམས་ཏེ། །

སྟོན་པས་གསུངས་པ་མ་ལགས་སམ། །

འོན་ཀྱང་ཀུན་ཉིད་བརྗོད་པ་ལ། །

བདག་ཀྱང་ངལ་བར་མི་བཞུགས་ཏེ། །

ཕལ་བའི་མི་ཡིས་མི་མཐོང་ངོ་། །

ཨེ་མ་བདག་ཡིད་དྭངས་གཙང་གིས། །

གང་ལ་མི་ཕྱེད་དད་པས་ན། །

ཞི་གྲོལ་གོ་འཕང་མ་འཐོབ་བར། །

བརྩེ་བས་ཡང་ཡང་བཟུང་དུ་གསོལ། །

ཞེས་ཀྱང་འབི་ཉ་ཕུན་ཚོགས་རིན་ཆེན་གྱིས་ཆུ་སྟག་ལོའི་མགོ་ཟླ་བར་རེས་གཟའ་སྤེན་པ་ཉིན་གང་ལ་ཕྱིར་མི་ལྡོག་པའི་དད་པ་རྣམ་པར་དག་པའི་ཐོག་ནས་སྦྱར་ཅིང་སྤེལ་བར་དགེའོ། ། དགེ་འོ། ། བཀྲ་ཤིས་པར་གྱུར་ཅིག ། ། ། ། སརྦ་མཾ། །

ས་པཎ་གྱི་བསྟོད་ཚིག་ལས་གཡར།

དགོན་པ་འདི་ནི་ད་ལྟ་བྲག་གཡབ་རྩལ་བཟང་ས་ཁུལ་དུ་ཡོད་ཅིང་དུས་འགའ་ལ་ཉམས་རྒུད་དུ་སོང་ཀྱང་དགོན་པ་གང་དེའི་དྲིན་ཅན་བླ་མ་མཁན་ཆེན་བཀྲ་ཤིས་རབ་བརྟན་སོགས་ཀྱི་ཐུགས་སྟོབས་ལ་བསྟེན་ནས་དར་རྒྱས་སུ་སོང་ཤིང་འགྲོ་བཞིན་པ་ལགསོ། །

ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པའོ། །

དགོན་གསུམ་ནི་སྒྲོ་དགོན་དང་གླང་དགོན་འབེ་ཉ་དགོན་གསུམ།

འདི་ནི་སྐྱེས་བུ་དམ་པ་དག་གིས་བརྒྱུད་དགོས་པའི་མི་ཚེའི་འཁྱོལ་སྟངས་ཤིག་ཡིན་སྟེ་གནའ་བོའི་གནམ་དཔྱད་རིག་པར་གྲགས་པ་སྐུ་ཞབས་ཨ་རི་སི་ཀི་ཐིན་གྱིས་རང་གི་སྔ་མའི་བཞེད་སྟངས་ཏེ་ས་དཀྱིལ་སྨྲ་བའི་ལུགས་དེ་དོར་ནས་ཉི་དཀྱིལ་སྨྲ་བའི་ལུགས་འཛིན་པས་བཙོན་དུ་ཐུན་གཉིས་བཞུགས་དགོས་པ་དང་མཐར་ཡུལ་དེ་གའི་མི་དག་གིས་མེས་བསྲེགས་ཀྱང་རང་གི་བཞེད་སྟངས་བཟང་པོ་དེ་མ་འདོར་བར་ཁོས་ “མ་འོངས་པས་བློ་ལྡན་དག་གིས་ངའི་འདི་འཛིན་ཏོ”ཞེས་ཟེར་བ་བཞིན་ད་ལྟའི་ཚན་རིག་སྨྲ་བ་ཀུན་གྱིས་དེ་བཞིན་འཛིན་པ་དང་ཨུ་རུ་སུའི་རྩོམ་པ་པོ་གྲགས་ཅན་སྲོལ་ཟོལ་ཉི་ཆེན་མཆོག་ཀྱང་སྟེས་དབང་གི་རྐྱེན་པས་བཙོན་དུ་ཐེངས་འགར་བཞུགས་དགོས་པ་དང་བོད་དུའང་དམ་པ་དགེ་ཆོས་དང་ལུང་ཤར་སོགས་དེ་དང་འདྲ་བའི་དམ་པ་མང་ངོ་།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*