གནས་མཆོག་རྡོ་རྗེ་གདན་དང་འབྲེལ་བའི་རྒྱུན་ཤེས། མུ་འགོད།

རྩོམ་པ་པོ། དགེན་སྐལ་བཟང་རྒྱལ་མཚན།

ལེའུ་ཚན་བཅུ་པ། གནས་ཆེན་ཁག་དང་། དེར་བཏབ་པའི་རྡོ་རིང་།

༢] གནས་ཆེན་རྣམས་གང་དུ་ཡོད་དམ།

ནང་པ་ཞིག་ཡིན་ཚེ། གནས་སྐོར་ལ་འགྲོ་བ་ནི། དེང་གི་གཞོན་སྐྱེས་རྣམས་ཡུལ་སྐོར་སྤྲོ་འཁྱམ་ལ་ཕྱིན་པ་ལྟ་བུ་མ་ཡིན་པར། དད་པ་དང་ཡིད་ཆེས་ཀྱི་ཀུན་སློང་དམིགས་བསལ་བ་ཞིག་དགོས་ཏེ། དེ་བས་ཀྱང་ཡོད་ན་དོན་ཆེ་བ་ནི། སངས་རྒྱས་ལ་རྒྱུ་མཚན་ཤེས་ནས་ཐོབ་པའི་དད་པ་དེ་ཡིན། དེས་ན་རང་རེ་སངས་རྒྱས་སྐུ་དངོས་ཀྱི་གསེར་ཞལ་མཇལ་མ་མྱོང་བ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་མཛད་ཆེན་བཞི་བསྐྱངས་ཡུལ་གང་ཡིན་ཡིད་ལ་ངེས་པར་བྱ་དགོས་ཏེ། དེ་དག་གང་ཞེ་ན། ལུམྦཱིནཱི་སྐུ་འཁྲུངས་པའི་གནས། རྡོ་རྗེ་གདན་སངས་རྒྱས་པའི་གནས། ཝཱརཱཎཱསི་ཆོས་འཁོར་བསྐོར་བའི་གནས། ། རྩྭ་མཆོག་གྲོང་མྱ་ངན་ལས་འདས་པའི་གནས་བཅས་སོ། ། གཞན་ཡང་། “ ནཱ་ལན་ཌཱ་སྐུ་ཚེ་བྱིན་གྱིས་རླབས་པའི་གནས། མཉན་ཡོད་བདུད་བཏུལ་བའི་གནས། ཤང་ཁ་ས་ལྷ་ལས་བབས་པའི་གནས། རྒྱལ་པོའི་ཁབ་དབྱེན་ཟླུམ་པའི་གནས་ཏེ། དེ་དག་ལ་གནས་ཆེན་བརྒྱད་ཅེས་གྲགས་ཤིང་། བདེ་གཤེགས་མཆོད་རྟེན་བརྒྱད་ཅེས་པའང་གནས་ཆེན་དེ་དག་ན་ཡོད་ ” ཅེས་དགེ་ཆོས་ཀྱིས་གསུངས་སོ། །

༢] མདོ་ལས་གསུངས་པའི་གནས་མཇལ་གྱི་ཕན་ཡོན།

གནས་ཆེན་དེ་དག་མཇལ་བའི་ཕན་ཡོན་ནི། བཅོན་ལྡན་འདས་ཀྱི་མདོ་ལས། “ དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་བསྐོར་བ་དང༌། མཆོད་རྟེན་ལ་ཕྱག་འཚལ་བ་དག་འོང་གི། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཞེས དང་། ང་ལ་དད་པས་དུས་བྱས་པ་དེ་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོའོ། ། ཞེས་དང་། དེ་བཞིན་དུ་མདོ་གཞན་དག་ལས་ཀྱང༌།  ང་མྱ་ངན་ལས་འདས་པའི་རྗེས་སུ། དགེ་སློང་གསར་བུ་འགའ་ཞིག་འོང་ནས། ཁྱེད་ཀྱི་སྟོན་པ་ཇི་འདྲ་ཞེས་འདྲི་ན། དེ་དག་ལ་གནས་བཞི་པོ་འདི་དག་བསྟན་པར་བྱ་སྟེ། ཞེས་དང་། མདོ་གཞན་ལས་ཀྱང་གནས་བཞི་པོ་འདི་དག་བསྐོར་བས་མཚམས་མེད་པའི་སྡིག་པ་ཡང་འདག་པར་ ” གསུངས་པ་ལགས་ན། རང་རེ་ཇི་སྲིད་འཚོ་བའི་བར་གནས་ཆེན་བཞི་པོ་འདི་དག་ལ་ཕྱག་དང་བསྐོར་བ། བློས་སྤྲུལ་གྱི་མཆོད་པ། ཐ་ན་གཞན་དོན་དུ་སྨོན་ལམ་ཙམ་རེ་འདེབས་པ་ཡང་བསོད་ནམས་ཆེ་བ་ཡིན་ནོ། །

༣] ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་།

ཆོས་རྒྱལ་མྱ་ངན་མེད་ནི། རྒྱ་གར་གྱི་ལོ་རྒྱུས་ཁྲོད་ཧ་ཅང་ངོམས་རུང་བའི་རྒྱལ་པོ་སྟོབས་ཆེ་ཤོས་དེ་ཡིན། ཁོང་གིས་སངས་རྒྱས་ཀྱི་མཛད་པ་གལ་ཆེན་བསྐྱངས་ཡུལ་གནས་ཆེན་རྣམས་ལོ་རྒྱུས་ནང་ངོས་འཛིན་དང་ཆེ་མཐོང་གསལ་པོར་གནས་སླད། རྡོ་རིང་རིགས་མང་པོ་བསླངས་ཡོད་པ་བཞིན། རྡོ་རྗེ་གདན་གྱི་ཕྱོགས་འདིར་ཆུ་བོ་ནེ་ར་ཛྙ་ནའི་མཆོད་རྟེན་འགྲམ་དུ་བསླངས་པར་སྣང་། འདི་ལ་སྔོན་ཆད་ ‘’ གཞི་འདོམས་བཅུ་གསུམ་ཡོད་ ‘’ ཅེས་ཆག་ལོས་མཛད་པར་གྲགས་པའི་རྡོར་གདན་དཀར་ཆག་ཏུ་གསལ་མོད། དུས་ཕྱིས་ཁ་ཆེས་དམག་གིས་བཅོམ་པས་དུམ་བུར་སོང་བ་ཡིན། ད་ལྟ་མཆོད་རྟེན་གྱི་ལྷོ་ངོགས་ཡོད་པའི་རྡོ་རིང་ཆག་དུམ་ཅན་དེ་ཡང་ནེ་ར་ཛྙ་ནའི་མཆོད་རྟེན་འགྲམ་གྱི་རྡོ་རིང་གི་ལྷག་མ་ཡིན། ཡུན་རིང་བདག་མེད་དུ་ལུས་པ་དེ་རྒྱ་གར་གནའ་ཤུལ་ཁང་གིས་མཆོད་རྟེན་འགྲམ་དུ་བཙུགས་པར་བཤད། དེ་ལྟར་ན་རྡོ་རྗེ་གདན་རང་ལ་རྡོ་རིང་མེད་དམ་སྙམ་ན། དེ་ནི་ཚད་ཐུབ་ཀྱི་གནའ་ཡིག་མང་པོ་བསྔོགས་ཏེ་ཞིབ་དཔྱད་དགོས་པའི་གནས་སུ་འདུག་སྟེ། ཆག་ལོ་དང་དགེ་ཆོས་ཕེབས་སྐབས་ཀྱི་ཡི་གེ་དག་ལ་རྡོར་གདན་རང་དུ་མྱ་ངན་མེད་ཀྱི་རྡོ་རིང་བཞུགས་པའི་བཤད་པ་མ་མཇལ། ད་ལྟའི་རྡོ་རིང་ཆག་དུམ་ཅན་དེ་ནམ་ཞིག་བཞེངས་པའི་ཡི་གེ་དང་དུས་ཚོད་མི་གསལ་ནའང་། ལུམྦཱིནཱིའི་རྡོ་རིང་ངོགས་སུ་རྒྱལ་པོ་ཁྲི་ལོ་ཉེར་གཅིག་པར་ཕྱོགས་དེར་སླེབས་པའི་གནས་ཚུལ་བཀོད་པར་གཞིགས་ན། རྡོ་རྗེ་གདན་དུ་བྱོན་པའི་དུས་སྐབས་ཀྱང་དེ་དང་ཉེ་བ་ཞིག་ཡིན་སྲིད། ལར་ནས་རྡོ་རིང་ལ་སེང་མགོ་ཅན་དང་། གླང་ཆེན་ཅན། རྟ་མགོ་ཅན་སོགས་མང་། རྡོ་རིང་གི་བྱུང་འཕེལ་ཞིབ་འཇུག་གི་ལས་དོན་འདི་སྐད་ཡིག་མང་པོ་མཁྱེན་མཁན་ཚོའི་ལས་ཀ་ཞིག་ཡིན་པས་རེ་ཞིག་བཞག མྱ་ངན་མེད་ཀྱི་སྐོར་ཟུར་དུ་ཤེས་པར་འདོད་པ་དག་གིས་དུས་ཕྱིས་ཀྱི་མཁས་དབང་ཐུབ་བསྟན་མཆོག་གྲུབ་ཀྱིས་བརྩམས་པའི་<< རྒྱ་གར་རྒྱལ་རབས་>> ལ་གཟིགས་པར་ཞུའོ།།

སྨྲས་པ།

མྱ་ངན་མེད་ཀྱི་རལ་གྲི་ལན་གཅིག་གིས།།

འཕགས་ཡུལ་འཛིན་མའི་མངའ་ཐང་དགུང་དུ་བཏེགས།།

ཆོས་ལ་དད་པའི་འདུན་པ་རེ་རེ་ཡིས།།

བསྟན་པའི་ཉི་མ་འབུམ་ཕྲག་འཆར་བར་བྱས།།

ལེའུ་ཚན་བཅིུག་པ། སའི་གོ་ལའི་སློབ་ཆེན་ཐོག་མ།

༡] རིག་པའི་གྲོང་ཁྱེར་ནཱལེནྡྲའི་ཆོས་འབྱུང་།

རྒྱ་གར་འཕགས་པའི་ཡུལ་ན། རང་རེ་ནང་པའི་ཤེས་རིག་དར་བའི་ལོ་རྒྱུས་ནང་ཆེས་ངོམས་རུང་བའི་སློབ་གླིང་ཞིག་ཡོད་པ་ནི། དཔལ་ནཱལེནྡྲའི་དགོན་པ་ཡིན། དགོན་སྡེ་འདི་ནས་སློབ་དཔོན་ཀླུ་སྒྲུབ་དང་། འཕགས་པ་ལྷ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཞི་བ་ལྷ། ཞི་བ་འཚོ། པདྨའི་ངང་ཚུལ། ཐོགས་མེད། དབྱིག་གཉེན། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ། འཕགས་པ་གྲོལ་སྡེ། སེངྒེ་བཟང་པོ། ཡོན་ཏན་འོད། ཤཱཀྱ་འོད། མཉམ་མེད་ཇོ་བོ་ཆེན་པོ། བཱིར་ཝ་པ་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་མང་དུ་བྱོན་ཏེ་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་གི་ཁྱོན་འདིར་ཉི་མ་ཤར་བ་ལྟ་བུར་མཛད།

ནཱལེནྡྲ་དགོན་པའི་བཤད་སྒྲུབ་ཀྱི་བྱིན་རླབས་བོད་དུ་ཡང་དར་ཏེ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཅེས་གྲགས་པ་བྱུང་ཞིང་། དེར་བརྟེན་༧གོང་ས་མཆོག་གིས་ང་ཚོ་ནི་དཔལ་ནཱལེནྡྲའི་བརྒྱུད་འཛིན་པ་ཡིན་ཞེས་ཐུགས་སྤོབས་མཐོན་པོས་འཛམ་གླིང་ཤར་ནུབ་གང་སར་ཡང་ཡང་བསྒྲགས་དོན་ཡང་དེ་ཡིན།

རྒྱ་ནག་ཏུ་ཡང་ནང་ཆོས་དགོན་པ་འདི་ནས་དར་བ་ཐང་གི་བཙུན་པ་ཚོའི་རྣམ་ཐར་མཇལ་ན་ཤེས། དེ་བཞིན་དུ་བལ་བོ། ཀོ་རི་ཡ་དང་། ཉི་ཧོང་། ཝེ་ཏི་ནམ་སོགས་ཕྱིའི་ཁབ་མང་པོར་དར་རྒྱས་བྱུང་། བྱུང་རབས་ཀྱི་དབང་དུ་བྱས་ཚེ། ནཱལེནྡྲར་རྒྱའི་སློབ་གཉེར་བ་ཐོག་མ་བཙུན་པ་ཧྥ་ཤཱན་ཡིན་པའི་ངོས་འཛིན་ཡོད་པ་བཞིན། རང་རེ་བོད་ལ་མཚོན་ན་ཡང་ཆེས་ཐོག་མ་དེ་ཐོན་མི་སམ་བྷོ་ཊར་ངོས་བཟུང་ན་ཆོག་ལས་ཆེ། ལར་ནས་རང་རེས་དགོན་པ་འདི་ཉིད་ཧ་ཅང་རྩ་ཆེན་པོར་བརྩི་ནའང་། ལག་ལེན་གྱི་ཐོག་ནས་ནཱལེནྡྲ་དགོན་པའི་སྐོར་ལ་རྒྱ་ནག་གི་བཙུན་པ་ཚོ་ནང་བཞིན་ཞིབ་ཕྲའི་གནས་ཚུལ་བཀོད་པ་ཉུང་། མི་ལོ་བརྒྱ་ཕྲག་ལྔ་ལྷག་གི་རིང་ནཱལེནྡྲའི་རིག་གནས་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་ཐེབ་པའི་ཚད་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། བོད་ནས་མཁས་པ་མང་པོ་བྱོན་ནའང་། ནཱལེནྡྲའི་མཁན་པོ་མ་ཟད་དགེ་རྒན་གནང་མྱོང་མཁན་ཡང་ཕལ་ཆེར་མེད། སློབ་གླིང་འདི་དར་སྐབས་རྒྱ་ནག་གཅིག་པུ་ནས་སློབ་གཉེར་བ་སྟོང་ཕྲག་མང་པོ་འཛོམས་ཚུལ་ ( རྒྱ་གར་དུ་འབྱོར་བའི་ཐང་གི་བཙུན་པ། ) ཞེས་པའི་དེབ་ཐེར་ནང་གསལ། 

ད་དུང་སློབ་གླིང་འདིར་དགེ་རྒན་ ༢༠༠༠ དང་། རྒྱ་ནག་དང་། ཀོ་རི་ཡ། སོག་པོ། འབར་མ་སོགས་ཡུལ་གྲུ་འདྲ་མིན་ནས་ཡོང་བའི་སློབ་མ་ ༡༠༠༠༠ ལྷག་ཡོད།

རང་རེའི་མཁས་པར་མཚོན་ན་ཡང་ནཱལེནྡྲའི་སྐོར་འབྲི་མཁན་འགའ་རེ་བྱུང་ཡོད་དེ། ཆག་ལོའི་ལམ་ཡིག་རྒྱས་བསྡུས་གཉིས།  དགེ་ཆོས་ཀྱི་གནས་ཡིག ཉེ་ལམ་སྒོ་ཤེས་རབ་ཀྱི་ནཱལེནྡྲའི་རིག་གནས་སྙིང་སྟོབས་སོགས་ཡོད་པས་ཤེས་འདོད་ཅན་དག་གིས་ཞིབ་ཏུ་གཟིགས་པར་འཚལ།

༢] མཁས་པའི་འབྱུང་གནས་ནཱལེནྡྲའི་ཆག་འཇིག

དགེ་ཆོས་དང་མཉམ་དུ་བོད་ཀྱི་དགོན་སྡེ་ཁག་གི་ཡིག་རྙིང་འཚོལ་མཁན་ར་ཧུལ་སོགས་ཀྱིས་གསང་སྔགས་ཁྲོམ་བསྒྲགས་བྱེད་ཤུགས་ཆེ་རུ་སོང་བ་དེས། ནཱལེནྡྲ་གཙོས་པའི་རྒྱ་གར་ནང་བསྟན་པའི་གནས་བབ་ལ་ཆག་འཇིག་བྱུང་ཚུལ་གླེང་མཁན་ཡོད་པ་ཡང་རྦད་དེ་ནོར་བ་མིན་ལས་ཆེ་སྟེ། གསང་དགོས་པ་ཞིག་མ་གསང་ན་གྲུབ་འབྲས་བཟང་པོ་ཞིག་ཡོང་དོན་མེད་པའང་ཆོས་ཉིད་ལོས་ཡིན།

ལན་རེར་ཞིབ་འདང་རེ་བྱས་ཚེ། སྟོན་པ་ཐུགས་རྗེ་ཅན་སྐུ་གཤེགས་ཤིང་། གཏན་རབས་བདུན་དང་། གནས་བརྟན་ཆེན་པོ་རྣམས་ཞལ་མི་བཞུགས་པ་ཡང་། བསྟན་པ་སྤྱི་ལ་བསམ་ན་གྱོང་ལོས་ཆེ་མོད། དུས་ཕྱིས་ཉི་ཟླ་ལྟ་བུའི་ཀླུ་ཐོགས་སོགས་ཐེག་པ་ཆེན་པོའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བཤད་སྒྲུབ་ཀྱི་བསྟན་པ་རྣམ་དག་བསྐྱངས་ཡུལ། གདན་ས་ཆེན་པོ་འདིའི་ཐོས་བསམ་གྱི་རྒྱུན་བཟང་པོ་རྒྱ་གར་རང་དུ་རྩ་འཐོར་སོང་བར་བསམ་ན་ལྷག་ཏུ་ཡིད་སྐྱོ་བ་ཞིག་ཡོད། དུས་རབས་བཅུ་གསུམ་པར་ཆག་ལོ་ཆོས་རྗེ་དཔལ་ཕེབས་སྐབས་སུ་ཡང་ཁ་ཆེས་དམག་གིས་ཡང་ཡང་བཅོམ་སྟེ་དགོན་པ་འདིར་མཁན་པོ་དགྲ་གཅན་འཛིན་བཟང་པོ་དབུ་བཞུགས་ཐོག་དགེ་འདུན་གྱི་སྡེ་ཕྲན་བུ་ལས་མི་བཞུགས་པར་གསལ།

ནཱལེནྡྲའི་བཤད་སྒྲུབ་ཀྱི་རྒྱུན་ས་གནས་དེ་གར་རྩ་མེད་གཏོང་མཁན་དེ་ Muhmmad Bakhtiyar Kalji བྱ་བའི་ཁ་ཆེའི་དམག་དཔོན་གྱི་དཔུང་དམག་གིས་བཅོམ་པར་མ་ཟད། དགེ་འདུན་པའི་སྡེ་རྣམས་བསད།  ཁ་ཆེའི་ཆོས་དང་མི་མཐུན་པས་དཔེ་མཛོད་ཁང་ཆེན་པོ་མེར་བསྲེགས་ཏེ་ཤེས་རབ་ཀྱི་གྲོང་ཁྱེར་དེ་ཉིད་རྡོ་དང་དབྱུག་པས་ཚར་བཅད་དོ། །

༣] ཉམས་ཞིབ་པའི་མིག་ནང་གི་ནཱལེནྡྲ།

དུས་ཕྱིས་ལོ་རྒྱུས་ཉམས་ཞིབ་པས་སའི་ཆག་དབྱིབས་དང་། ས་འོག་གི་རིག་དངོས་རྙིང་པར་ཉམས་ཞིབ་བྱས་པའི་གྲུབ་འབྲས་ལྟར་ན། དགོན་པ་འདིར་གཙུག་ལག་ཁང་ཆེན་པོ་ ༦ དང་། དགོན་པ་ ༡༡ གཙུག་ལག་སློབ་གཉེར་ཁང་དེའི་ཁོར་ཡུག་ལ་སློབ་གཉེར་བའི་སྡོད་ཁང་ ༡༡ དང་། ཁང་མིག་ ༢༠༠༠ ལྷག་དང་། ཁྲོམ་པ། རུང་ཁང་། གཟིམ་ཤག་སོགས་ཧ་ཅང་མང་བར་བཤད།

སྔ་ཕྱིར་ཁ་ཆེའི་དམག་གིས་ཡང་ཡང་བཅོམས་ཤིང་། ཆེས་མཐའ་མའི་སྐབས་རིག་གཞུང་སྣ་མང་གི་དཔེ་ཆ་ཁྲི་ཕྲག་མང་པོ་བཞུགས་ཡུལ་གྱི་དགོན་པ་འདིའི་དཔེ་མཛོད་ཁང་མེར་བསྲེགས་པའི་དུ་བ་གཅིག་པུ་ཟླ་བ་དྲུག་ཙམ་ལ་མ་ཡལ་བར་བསམ་ན། ད་ལྟ་རང་རེའི་མིག་ལམ་དུ་མངོན་པའི་ནཱལེནྡྲ་ནི་སྔོན་གྱི་གནའ་ཤུལ་རྒྱ་ཆེན་པོ་དེའི་ཟུར་ཙམ་ཡིན་པ་ཤེས། དུས་ཕྱིས་ས་འོག་ནས་སྤྱན་རས་གཟིགས་དང་། འཇམ་དབྱངས། སྒྲོལ་མ། ལྷ་མོ་འོད་ཟེར་ཅན་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ངོ་མཚར་ཅན་གྱི་སྐུ་བརྙན་མང་པོ་རྙེད་ཡོད་པ་གཞུང་གི་འགྲེམ་སྟོན་ཁང་ན་བཞག་ཡོད།

༤] རེ་བའི་ཁྲོད་ཀྱི་ནཱལེནྡྲ།

ཕྱི་ལོ་ ༢༠༠༦ ལོར་ནང་ཆོས་དར་བའི་ཡུལ་གྲུ་མང་པོ་མཉམ་འབྲེལ་གྱིས་ནཱ་ལེནྡྲ་བསྐྱར་གསོ་བྱ་རྒྱུའི་འཆར་གཞི་བཀོད་དེ་གསར་འཛུགས་བྱས་པའི་གཙུག་ལག་སློབ་གཉེར་ཁང་དེར་ ( ནཱ་ལེནྡྲ་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་། ) ཞེས་འབོད་རྒྱུ་དང་། རྒྱ་གར་བ་ནོ་སྦེལ་རྩོམ་རིག་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Amartya kumar sen ཀྱིས་འགན་བཞེས་རྒྱུའི་ཐག་གཅོད་བྱུང་ཡོད། ༧གོང་ས་སྐྱབས་མགོན་པོའི་དགོངས་གཞིར་ཡང་རྒྱ་གར་དུ་ནཱལེནྡྲའི་སློབ་གཉེར་ཁང་གསར་འཛུགས་བྱ་རྒྱུའི་དགོངས་གཞི་ཡོད་པའི་བཀའ་སློབ་ཕེབས་ཡོད་པས། མི་འགྱངས་བར་ང་ཚོས་དེང་རབས་རང་བཞིན་གྱི་དཔལ་ནཱལེནྡྲ་གསར་པ་ཞིག་རྒྱ་གར་གྱི་རིག་པའི་གྲོང་ཁྱེར་ནས་སླར་ཡང་མཇལ་ཐུབ་པའི་ཡིད་ཆེས་བྱ་ཆོག་པ་ཡིན།

སྨྲས་པ།

མཁས་པའི་ཁྱུ་མཆོག་ཀླུ་ཐོགས་ཁྱེད་ཀྱིས་བསྐྲུན། ། 

བཟང་པོའི་ཕུལ་གྱུར་ཞི་བ་ལྷ་ཡང་བྱོན། །

གྲུབ་བརྒྱའི་སྤྱི་མེས་བཱིར་ཝ་པ་ལ་སོགས། །

མཁས་གྲུབ་སྟོང་གི་ཕ་གཞིས་ནཱལེནྡྲ། །

ལེའུ་ཚན་བཅུ་གཉིས་པ། ཡུལ་དབུས་ཀྱི་རི་བོ་ཆེ།

 ༡] བྱ་རྒོད་ཕུང་པོའི་རི།

བྱ་རྒོད་ཕུང་པོ་རི་ཆགས་ཡུལ་ནི། རྡོ་རྗེ་གདན་ནས་བྱང་ཤར་མཚམས་ཀྱི་སྤྱི་ལེ་ (༨༠ km) ཙམ་ན་ར་ཇི་གྷར་སྟེ་ (Rajagriha) རྒྱལ་པོའི་ཁབ་དང་། རྒྱལ་པོའི་ཁབ་དང་འདབ་འབྲེལ་བའི་རི་རྒྱུད་ཆུང་ངུ་དེའི་ངོས་སུ་ཆགས་ཡོད་ལ། དེང་སང་རྒྱ་གར་བས་གྷིར་དྷ་ཀུ་ཊི་ (Gridhakuta hill) ཞེས་འབོད། ཕྱོགས་མཚམས་ཧྲིལ་པོ་ནགས་ཀྱིས་བཀབ་ནས་ཡོད་ཅིང་། རྡོ་ཕ་བོང་ཆེན་པོ་འགས་ཟུར་བརྟན་པོར་སྲུང་ནས་ཡོད། ཡུལ་ལྗོངས་གཙང་ལ་ལྟ་ན་སྡུག ས་བབ་མཐོ་བས་ཉི་མ་འཆར་ནུབ་ཀྱི་མཛེས་པ་ཡང་གསལ་པོར་མཐོང་ཐུབ། སོས་དལ་ཅན་དག་ནཱལེནྡྲ་དང་། རྒྱལ་པོའི་ཁབ་ནས་ཤིང་རྟ་འཁོར་ལོར་བཞོན་ཏེ་སོང་ནའང་རི་གཤམ་བར་དུ་བློ་བདེ་མོར་འགྲོ་ཆོག

སྔོན་ཆད་ཆག་ལོ་ཆེན་པོ་གནས་འདིར་བྱོན་སྐབས། གཅན་གཟན་གྱི་འཇིགས་པ་དཀྲོག་སླད་དུང་དང་རྔ་བརྡུང་སྟེ་བྱོན་པ་སོགས་དགོད་བྲོ་བའི་ཚུལ་ཡང་ལམ་ཡིག་ན་གསལ། དེང་ནི་རི་གཤམ་ནས་རི་མགོ་བར་ལམ་ལེགས། ཧ་ཅང་སྔ་འཕྱི་ཐལ་མ་དྲགས་ན་གཅན་གཟན་གྱི་འཇིགས་པ་ཡང་ཕལ་ཆེར་མེད་ནའང་། ཉམ་ཐག་པའི་སློང་མོ་བ་དག་གིས་ཀུ་ཅོ་རྣ་བར་གཟན་པ་མང་བ་ཡང་། སྙིང་རྗེ་ཅན་དག་ལ་སྦྱིན་པ་འཕེལ་བའི་གཡབ་མོར་སྣང་།

མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་འདིར་བྱོན་པ་ན། བྱ་རྒོད་ཕུང་བོའི་རི་བོ་འདི་ཤེར་ཕྱིན་གྱི་པོ་ཏི་བརྩེགས་པའི་རི་ཞིག་ཏུ་མཇལ་བའི་རྣམ་ཐར་ཡོད།

དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་ལས། “ རྒྱ་གར་ན་ལེནྡྲ་ནས་ལྷོ་ནུབ་ཕྱོགས་སུ་སོང་ན་ར་ཛི་གི་རི་ལ་སླེབས། དེ་ནི་རྒྱལ་པོའི་ཁབ་ཟེར་བ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་ཆགས་ཤུལ་ཡིན་པ་དང༌། རྒྱལ་པོའི་ཁབ་ཀྱི་བྱང་ངོས་སུ་གི་ཛ་ཀུ་ཊི་ཟེར་བའི་རི་ཞིག་ཡོད་པ་དེ་ནི་བྱ་རྒོད་ཕུང་པོའི་རི་བོ་ཡིན་ ”ཞེས་གསུངས།

གནས་དེ་ནི་སྟོན་པས་ཆོས་འཁོར་བར་མ་མཚན་ཉིད་མེད་པ་སྟེ། རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་གསུངས་པའི་གནས་ཡིན། ཐང་ཟན་ཙང་གི་ལམ་ཡིག་ལས་ “ རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་ལེ་དབར་ཉིས་བརྒྱ་དྲུག་ཅུ་ཙམ་སོང་བ་ན་བྱ་རྒོད་ཕུང་པོའི་རི་བོ་ཞེས་ཉེ་འཁོར་གྱི་རི་གཞན་དག་ལས་མཐོ་ཞིང༌། རྡོའི་སྐས་ལམ་ཞེང་ལ་གོམ་པ་བཅུ་དང་དཀྱུས་ལ་ལེ་དབར་དྲུག་ཡོད་པ་དང༌། དེ་དང་ཐག་ཉེ་བ་ན་རྒྱལ་པོའི་ཁབ་ཡོད་ ” ཅེས་གསུངས་ཡོད།

རྗེ་ས་པཎ་གྱིས་བྱ་རྒོད་ཕུང་པོའི་རི་བོ་འདི་རྒྱ་གར་འཕགས་པའི་ཡུལ་གྱི་རི་ཆེན་ཡིན་གསུངས་པ་ཡང་། ཐང་སན་བླ་མའི་ལམ་ཡིག་ལས། “ རི་འདི་རྒྱལ་པོའི་ཁབ་ཀྱི་བྱང་ཤར་མཚམས་སུ་ཡོད་པ་དང་། ས་གནས་གཞན་དག་ལས་མཐོ། ” ཞེས་སོགས་གསུངས་པ་དང་ཡང་འགྲིག མདོར་ན་མ་གཱ་དྷ་དང་། རྒྱལ་པོའི་ཁབ་སོགས་སུ་དངོས་སུ་ཕྱིན་ན། དགེ་ཆོས་ཀྱིས་ “ ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་ཤིང་། ” ཞེས་གསུངས་པ་ཡང་ཡུལ་དངོས་སུ་འགྲོ་དགོས་པའི་དོན་དུ་སྣང་། 

འོ་ན། བྱ་རྒོད་ཕུང་པོའི་རི་ཞེས་ཇི་ལྟར་ཐོགས་སམ་སྙམ་ན། དེ་ལ་གསུང་སྲོལ་མི་འདྲ་བ་གསུམ་ལས། དང་པོ་ནི། ས་ལུ་ལྗང་པའི་མདོ་ལས། བྲག་བྱ་རྒོད་ཀྱི་མགོའི་དབྱིབས་ལྟ་བུར་ཡོད་པས་དེ་ལྟར་བཏགས་ཚུལ་གསུངས་པ་དང་།

གཉིས་པ་ནི། ཤེས་བྱ་ཀུན་ཁྱབ་ལས། །བྱ་རྒོད་ཕུང་རིར་དགེ་སློང་བྱང་སེམས་ལ། །བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། །ཞེས་གསུངས་པ་ལྟར་ཆོས་འཁོར་བར་པ་བསྐོར་བའི་སྐབས་སུ་ཞིང་གཞན་ནས་བྱང་ཆུབ་སེམས་དཔའ་དུ་མ་བྱ་རྒོད་ལ་སྤྲུལ་ནས་ཕེབས་པས་དེ་ལྟར་ཐོགས་ཅེས་རྗེ་གུང་ཐང་བས་གསུངས་པ་དང་།

གསུམ་པ་ནི། ཡུལ་ལྗོངས་དེ་རྒྱ་ཆེ་བས་བྱ་རྒོད་ཕུང་པོའི་རི་སྟེ་མཐོ་ལ་བྱ་མང་པོ་འདུ་བའི་ཕྱིར་དུ་མིང་བཏགས་སོ། །ཞེས་ཛྷཱ་ན་མི་ཏྲའི་ཤེར་འགྲེལ་ལས་གསུངས་ཞེས་ཞིབ་འཇུག་པ་འགའ་རེས་བྲིས་འདུག་ན། དགེ་ཆོས་ཀྱིས་ “ ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པ་ནི་རྣམ་དཔྱོད་ལྡན་པའི་སྐྱེས་བུ་དག་གི་ལས་སུ་བྱ་བ་མ་ཡིན་ ནོ་ ” ཞེས་པའི་ལེགས་བཤད་ལ་ཞིབ་ཏུ་མནོ་བར་ཞུའོ། ། 

སྨྲས་པ།

འགའ་རེས་ཤེར་ཕྱིན་རི་བོ་བརྩིགས་འདྲར་མཇལ། །

ཕལ་བའི་མིག་ལ་བྲག་ཐེམ་དཀྱུས་མ་ཞིག །

སྟོན་པ་མཆོག་གིས་དགྲ་བཅོམ་ལྔ་བརྒྱ་ལ། །

ཤེར་མདོ་གསུང་ཡུལ་དེ་ལ་ཕྱག་འཚལ་ལོ། །

ལེའུ་ཚན་བཅུ་གསུམ་པ། ལུམྦིའི་ཚལ་གྱི་རྣམ་བཤད།

༡] ངོ་མཚར་བའི་སྔ་ལྟས་ཅི་བྱུང་། 

སངས་རྒྱས་སྐུ་མ་བལྟམས་པའི་སྔོན་དུ། སེར་སྐྱའི་གྲོང་ལ་ངོ་མཚར་བའི་རྟགས་མཚན་སྣ་ཚོགས་བྱུང་ཡོད་དེ། དཔེར་ན། སེངྒེའི་ཕྲུ་གུ་མང་པོས་ཧ་ཅང་ཞི་བའི་སྒོ་ནས་གྲོང་ཁྱེར་སེར་སྐྱར་ཡོང་བ་དང་། གླང་ཕྲུག་མང་པོས་རྒྱལ་པོ་ཟས་གཙང་མར་བསྐོར་བ་བྱས། སྐུ་བལྟམས་པའི་ཉིན་དེར་ཕྱོགས་བཞིའི་རྒྱལ་ཕྲན་རྣམས་ལ་ཡང་སྲས་བྱུང་བར་སྣང་སྟེ། རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོ་ལ་སོགས་པའི་རྒྱལ་སྲས་བཞི་འཁྲུངས་ཤིང་། གྲགས་འཛིན་མ་ལ་སོགས་པའི་བུ་མོ་ཆིག་ཁྲི། འདུན་པ་སོགས་བུ་ལྔ་བརྒྱ། བསྔགས་ལྡན་ལ་སོགས་རྟ་མཆོག་ལྔ་བརྒྱ་ཡང་ཉིན་དེར་སྐྱེས་སོ། ། 

༢] འཁྲུངས་ཚེས་དང་། མཁས་པའི་བཞེད་ཚུལ།

རྒྱལ་སྲས་བྱང་ཆུབ་སེམས་དཔའ་གཞོན་ནུ་དོན་གྲུབ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་མངལ་དུ་སྤྲུམ་པ་ནས་བཟུང་། ཡུམ་གྱི་ཐུགས་ཡིད་སྔར་བས་བདེ་བར་གྱུར། ཟླ་བ་བཅུ་ཟིན་ལ་ཉེ་བ། རྒྱལ་བུ་བཙའ་ཕྱིར་བཙུན་མོ་འཁོར་དང་བཅས་སེར་སྐྱ་གྲོང་ནས་ལུམྦིའི་ཚལ་དུ་ཕེབས། དེ་རུ་ཡུམ་སྐུ་འཆམ་ལ་ཕེབས་བཞིན་པ་ན། ཅུང་ངལ་གསོ་སླད་ཤིང་པ་ལ་ཀྵ་ཡི་ལྗོན་པའི་ཡལ་གར་ཁེན་དེ་བྱ་མྱངས་མཛད་བཞིན་པ་ན། མངལ་གྱི་དྲི་མས་མ་གོས་པར་ཡུམ་གྱི་གློ་གཡས་པ་ནས། ས་པཎ་ཆོས་འབྱུང་ལྟར་ན། “ ས་ཕོ་འབྲུག་གི་ལོའི་དབོ་ཟླའི་ཉ་ལ་སྐུ་འཁྲུངས ” སོ་། །

སྐུ་འཁྲུངས་ཚུལ་ཡང་དེང་སང་གི་སྐྱེ་བོ་ཕལ་བ་ལྟ་བུ་མ་ཡིན་ཏེ། ཀླུ་སྒྲུབ་ཀྱིས་ “ ཡུམ་ལ་གནོད་མེད་བདེ་བའི་རྣམ་པ་རྒྱས། ། ” ཞེས་གསུངས་པ་ལྟར། ཡུམ་གྱི་སྐུ་མ་རྨ་མེད་པར་བཙས་ཤིང་། དེ་མ་ཐག་ཕྱོགས་བཞིར་གོམ་པ་བདུན་རེ་སྤོས་པའི་ཤུལ་དུ་མེ་ཏོག་གི་འདབ་མ་ཆེན་པོ་བཞད། སྲས་འཁྲུངས་པའི་གཏམ་དེར་རྒྱལ་པོ་ཟས་གཙང་མ་ཤིན་ཏུ་དགྱེས་ཏེ་སྲས་ཀྱི་མཚན་ལ་གཞོན་ནུ་དོན་གྲུབ་ཅེས་བཏགས། འདི་ཙམ་ནི་ངོ་མཚར་བའི་སྟོན་པ་མཆོག་འཇིག་རྟེན་འདིར་སྐུ་བལྟམས་པའི་སྔོན་འགྲོའི་མཛད་པ་ཚིག་ཉུང་དོན་བསྡུས་ཙམ་མོ། །

རི་བོ་ལས་གཏོས་ཆེ་ཞིང་། རྒྱ་མཚོ་ལས་འཇིངས་ཟབ་པའི་སངས་རྒྱས་ཀྱི་རྣམ་ཐར་སྣ་ཚོགས་ལ་མཇལ་ཐེངས་རེར། ཆེས་མགོ་བོ་རྨོངས་པར་བྱེད་པ་ནི། མཁས་པའི་བཞེད་སྲོལ་སྣ་ཚོགས་པ་དག་ཡིན་ཏེ། འདུལ་བ་གཞུང་དམ་པར། “ མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ ” དྲིས་ངོར། བཅོམ་ལྡན་འདས་ཀྱིས། “ ཁྱིམ་བདག་དཔྱིད་ཟླ་ཐ་ཆུང་ལ་བཙས་སོ་ ” ཞེས་པ་དང་། རྒྱ་ཆེན་རོལ་བ་ལས། “ དབོ་ཟླ་བའི་ཚེས་བཅོ་ལྔ་ལ་ལུམྦིའི་ནགས་སུ་སྐུ་བལྟམས་སོ་ ” ཞེས་བཀའ་སྩལ་བ་གཉིས་མི་འདྲ་ལ། མཉམ་མེད་ཇོ་བོ་ཆེན་པོ་དང་། ཁ་ཆེ་པཎ་ཆེན། རྗེ་ས་པཎ་ཡབ་སྲས། ཀུན་མཁྱེན་བུ། འགོས་ལོ་ཆེན་པོ་སོགས་འཕགས་བོད་ཀྱི་མཁས་པ་མང་པོའི་བཞེད་པ་ཡང་མི་འདྲའོ། །

གཞན་ཡང་། ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ཕྱག་ཁེན་སའི་སྐུའི་འཁྲུངས་ཤིང་ཡང་པ་ལ་ཀྵ་དང་། སཱ་ལ། བྱང་ཆུབ་ཤིང་། མྱ་ངན་མེད་ཀྱི་ཤིང་གང་ཡིན་ལ་རྩོད་པ་མང་། འཁྲུངས་ཤིང་དེ་ཉིད་ཉི་ཧོང་གི་ཉམས་ཞིབ་པས་ཁྱེར་ཞེས་ཟེར་བ་བདེན་ལས་ཆེ་སྟེ། ད་ལྟ་འདི་ཡིན་བྱ་བ་ཡེ་མི་སྣང་། དེང་འཛམ་གླིང་སྤྱིའི་འདོད་ཚུལ་ལ་སངས་རྒྱས་འཁྲུངས་ལོ་ནི། 623 B.C སྟེ་ཕྱི་ལོའི་སྔོན་གྱི་དྲུག་བརྒྱ་ཉེར་གསུམ་ལ་བརྩི་བའི་དབང་དུ་བྱས་ན། ད་ལོ་བར་དུ་སངས་རྒྱས་སྐུ་འཁྲུངས་ནས་མི་ཉིས་སྟོང་དྲུག་བརྒྱ་ཞེ་ལྔ་སོང་བ་ཡིན་ནོ། །

༣]  ལུམྦིའི་ཚལ་དང་། ལོ་རྒྱུས་ཀྱི་འགྱུར་བ།

འདི་ནི་བདག་ཅག་གི་སྟོན་པ་ཤཱཀྱ་སེངྒེ་སྐུ་འཁྲུངས་པའི་གནས་ཡིན། ལུམྦི་ཞེས་པ་ནི་སངས་རྒྱས་ཀྱི་རྨོ་རྨོའི་མཚན་ཡིན་ཞིང་། དེ་ཉིད་བག་མར་ཡོང་སྐབས་རྒྱལ་པོའི་དེའི་ཁྱེད་དུ་སྐྱེད་ཚལ་ངོ་མཚར་ཅན་འདི་བསྐྲུན་པས་དེ་ལྟར་ཐོགས་པར་བཤད། བྱུང་རབས་ཁྲོད་རྒྱ་གར་གྱི་སའི་ཆ་ཤས་བསྙོན་མེད་ཡིན་ནའང་། ཕྱི་ལོ་ ༡༨༥༨ ནས་རྒྱ་གར་ཨིན་ཇིའི་དབང་འོག་ཏུ་ཚུད་རྗེས་རྡོ་རྗེ་གླིང་སོགས་ཤར་ཕྱོགས་ཀྱི་རི་རྒྱུད་འགའ་དང་། ཏི་ར་ཧུ་ཏིའི་ཡུལ་ཁམས་ཀྱི་ཐང་ཆེན་པོ་གཉིས་བརྗེས་པས། ད་ཆ་ལུམྦི་ནཱི་སོགས་གནའ་བོའི་རྒྱ་གར་བྱང་རྒྱུད་ཀྱི་ཐང་ཆེན་པོའི་ཆ་ཤས་མང་པོ་ཞིག་བལ་བོའི་རྒྱལ་ཁོངས་སུ་གྱུར། མཛད་པ་པོ་གསལ་པོར་མ་ངེས་པའི་རྡོར་གདན་ལམ་ཡིག་ཏུ་ཚིགས་བཅད་མར་ཡང་། “ཏི་ར་ཧུ་ཏི་བྱ་བའི་རྒྱ་གར་ཡུལ། དགུན་ཀྱང་ས་གཞི་བཻཌུརྱ་ལྟར་སྔོ་། ། ཞེས་སོགས་བྲིས་པས་ཀྱང་ཤེས།

ཐང་ཟན་ཙང་གིས་མཛད་པའི་རྒྱ་གར་ལམ་ཡིག་ཏུ་ “ མཉན་ཡོད་རྒྱལ་བྱེད་ཚལ་ནས་ཤར་ཕྱོགས་སུ་ལེ་དབར་བདུན་བརྒྱ་སོང་བ་ན། གྲོང་ཁྱེར་སེར་སྐྱ་ཞེས་བཅོམ་ལྡན་འདས་ཀྱི་ཡབ་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་གི་ཤུལ་དང༌། གྲོང་སྟོང་བཅུ་ལྷག ལྷ་ཁང་གོག་པོ་མང་པོ་ཡོད། ཕོ་བྲང་གི་ལྟེ་བར་ལྷུམས་སུ་ཞུགས་པའི་མཆོད་རྟེན་གྱི་ཤུལ་གཅིག་པུ་ལས་གཞན་དུ་མི་མེད། ཕོ་བྲང་ཡོད་ས་དེའི་ཤར་ཕྱོགས་ལེ་དབར་བརྒྱ་ཙམ་ན་ལུམྦིའི་ཚལ་གྱི་ལྷ་ཁང་ད་དུང་ཡོད་ ”ཅེས་གསལ།

དགེ་འདུན་ཆོས་འཕེལ་གྱིས་ཀྱང་ “ རྒྱ་གར་བྱང་ཕྱོགས་བལ་ཡུལ་དང་ཐག་ཉེ་བའི་ས་གནས་དེང་སང་མིང་ལ་ཏུ་མན་དེ་ཞེས་འབོད་པ་དེ་ཡིན་པ་དང༌། གནས་དེར་སངས་རྒྱས་ཀྱི་ཡུམ་སྒྱུ་འཕྲུལ་མའི་སྐུ་བརྙན་དང༌། རྒྱལ་པོ་མྱ་ངན་མེད་ཀྱི་རྡོ་རིང་རྒྱལ་པོ་ཁྲི་ལོ་ཉེར་གཅིག་པ་ལ་ཕྱོགས་དེར་སླེབས་ནས་ཕྱོགས་འདིར་སངས་རྒྱས་འཁྲུངས་སོ་ཞེས་རྡོ་རིང་བསླངས་པ་ཡིན་ཟེར་བའི་རྡོ་རིང་ཡི་གེ་ཅན་ཞིག་ཡོད་ ” ཅེས་བྲིས་པ་ནི་དེང་སང་ཡང་མཇལ་དུ་ཡོད་པ་ཡིན།

ལུམྦིའི་ཚལ་དང་འབྲེལ་བའི་སྐོར་ལ་བོད་ཀྱི་མཁས་པ་སྔ་མའི་རྩོམ་ཡིག་མང་པོ་ཡོད་ངེས་ཀྱང་། བཅོ་བརྒྱད་ཁྲི་ཆེན་གྱི་གསུང་འབུམ་ནང་བཞུགས་པའི་ལུམྦིའི་ཚལ་གྱི་གནས་ཡིག་དང་། དེང་རབས་ཉམས་ཞིབ་ཀྱི་དཔྱད་རྩོམ་འབྲི་ལུགས་ལྟར་བྲིས་པ་ནི། ས་སྐྱའི་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོས་བརྩམས་པའི་ ( སངས་རྒྱས་ཀྱི་སྐུའི་འཁྲུངས་ཤིང་གཏམ། ) ལྟ་བུ་མཇལ་དཀོན་པོར་སྣང་།

གནས་འདིར་དེང་སང་བོད་དགོན་འགའ་རེ་ཡོད་ནའང་། ཕྱི་ལོ་ ༡༩༦༨ ལོར་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པའི་བཀྲ་ཤིས་རབ་བརྟན་གླིང་ནི་ཡུལ་འདིའི་དགོན་པ་ཆེས་ཐོག་མ་དེ་ཡིན། ཕྱི་ལོ་ ༡༩༩༣ ལོར་ས་སྐྱའི་སྨོན་ལམ་ཆེན་པོ་ལོ་ལྟར་གནས་འདིར་དབུ་ཚུགས་པ་ནས་ལོ་མང་རིང་བཅོ་བརྒྱད་རིན་པོ་ཆེ་ནི་གནས་མཆོག་འདིའི་བསྟན་བདག་ལྟ་བུར་བཞུགས་ཤིང་། ཁོང་གི་ཞལ་ནས། ‘’ གནས་ཀྱི་དང་པོ་བཀྲ་ཤིས་ལུམྦི་ཚལ།། ‘’ ཞེས་བསྟོད་ཅིང་བསྔགས་པ་ཡང་མཇལ་ལོ། །

སྨྲས་པ།

གངས་ཅན་རི་བོའི་མཛེས་སྡུག་འཐུང་བ་ཡི། །

སེར་སྐྱའི་གྲོང་ཞེས་བྱ་བའི་རྒྱལ་ཁོངས་ཀྱི། །

ལུམྦཱི་ཚལ་དུ་ཐུབ་མཆོག་བལྟམས་པ་ན། ། 

སྲིད་ཞིའི་སྣོད་བཅུད་ཡོམ་ཡོམ་སྒུལ་བར་བྱས། །

ལེའུ་ཚན་བཅུ་བཞི་པ།  སངས་རྒྱས་ཀྱི་ཆོས་འཁོར་ཐོག་མ།

༡] སངས་རྒྱས་དང་། ལྔ་སྡེ་བཟང་པོ།

གནས་འདི་ནི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཡིན་ལ། སངས་རྒྱས་ཀྱིས་ཡུལ་འདིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། སྲིད་པ་ཐ་མ་བ་ཀུན་ཤེས་གཽ་དྲ་ན་དང་། རྟ་ཐུལ། རླངས་པ། བཟང་ལྡན། མིང་ཆེན་ལྔ་ལ་བདེན་བཞིའི་འཇུག་ལྡོག་གི་རིམ་པ་ཐོག་མར་གསུངས་པའི་གནས་ཡིན།

ཐང་ཟན་ཙང་གི་ལམ་ཡིག་ལས། “ གྲོང་ཁྱེར་སེར་སྐྱ་ནས་རྩིས་པའི་ལྷོ་ནུབ་མཚམས་ལེ་དབར་བདུན་བརྒྱ་ལྷག་ཙམ་ན་ཆུ་བོ་གངྒའི་འགྲམ་དུ་གྲོང་ཁྱེར་ཝཱ་རཱ་ཎ་སི་དང༌། ” ཅེས་དང་། དེ་ནས་ལེ་དབར་བཅུས་ཆོད་པའི་ས་ན་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཡོད། ” ཅེས་གསལ་པོར་བྲིས་ཡོད་པར་མ་ཟད། སྐབས་དེར་གནས་རང་ལ་རྟེན་ཅི་ཡོད་དང་། དགེ་འདུན་པའི་གྲངས་ཀ་ཡང་བགྲང་ཡོད་དེ།  ལམ་ཡིག་ལས། “ དེར་རྟ་བབས་དང་ཁང་བརྩེགས་སོགས་ཀྱིས་བཀོད་པ་མཛེས་པའི་དགེ་འདུན་སྟོང་ཕྲག་གཉིས་ཙམ། རྟེན་གཙོ་ཐུབ་པ་ཆོས་འཁོར་མ་དང༌། རང་སངས་རྒྱས་ཀྱི་མཆོད་རྟེན་ལྔ་བརྒྱ་བཅས་ཡོད་ ” གསུངས།

ཡུལ་འདིའི་མིང་ལ་ཝ་ར་ཎཱ་སི་ཐོག་དོན་ནི། བྱེ་བྲག་བཤད་མཛོད་ཆེན་མོ་ལས།

“ འདི་ནི་ཆུ་ཀླུང་གི་མིང་ཡིན་ཏེ། ཆུ་བོ་ཝ་ར་དང་། ཨ་སཱའི་མཚམས་སྦྱར་བའི་ཡུལ་ཡིན་པས་བྱེ་བྲག་གི་མིང་སྤྱི་ལ་ཐོགས་པ་ཡིན་  ” གསུངས། དོན་དུ་ཆུ་བོ་དེ་གཉིས་ཀྱི་བར་དུ་ཆག་པས་ན་དེ་ལྟར་ཐོགས་པར་བཤད་སྲོལ་ཡོད། དེ་ལྟ་ནའང་། སྟོན་པ་མཆོག་གིས་ཆོས་འཁོར་བསྐོར་ཡུལ་དངོས་ནི། དགེ་ཆོས་ཀྱིས་གསུངས་པ་བཞིན། དེང་སང་ཡང་སཱ་ར་ན་ཐི་ཞེས་འབོད་བཞིན་ཡོད་ཅིང་། ཡུལ་འདི་ནི་རྒྱ་གར་གྱི་ཆོས་ལུགས་དང་།  རིག་གནས། མི་གྲངས་བཅས་ཧ་ཅང་མང་སའི་ཡུལ་ཞིག་ཡིན། ལྷག་པར་དུ་གངྒ་གཙིགས་ཆེན་འཛིན་པའི་ཧིན་དུ་བ་འབུམ་ཕྲག་མང་པོ་དབྱར་གྱི་ཚ་བ་དང་། དགུན་གྱི་གྲང་ངར་ལ་མ་འཛེམས་པར་གངྒའི་ཆུ་འཐུང་བ་དང་། ཁྲུས་བྱས་པས་སྡིག་སྒྲིབ་དག་པར་འདོད་བཞིན་ཡོད། དགེ་ཆོས་ཁོང་གིས་ཀྱང་གངྒའི་ཆུ་འཐུང་ཞེས་བྲིས་པར་གཞིགས་ན། དེ་དུང་ཀྱི་གངྒ་དེང་སང་ལས་གཙང་བས་ཡིན་པ་ཐག་བཅད་ན་ཆོག དེང་སང་ནི་རྒྱ་གར་དད་པ་ཅན་ཚོ་མ་གཏོགས་འཐུང་དཀའ་སེ་ཡོད། སཱ་ར་ཎཱ་ཐར་བོད་ཀྱི་གཙུག་ལག་སློབ་གྲྭས་མཚོན། བོད་དགོན་པ་དང་། མགྲོན་ཁང་སོགས་མང་ངོ་། །

༢] ཆོས་འཁོར་དུས་ཆེན།

སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་རྗེས་སུ། ། ཞལ་ནས། “ ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། ། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ། ” ཞེས་གསུངས་ཏེ། བདུན་ཕྲག་བདུན་གྱི་རིང་ཆོས་མི་གསུངས་པའི་ཚུལ་མཛད་དོ། །

དེ་ནས་དཀར་ཕྱོགས་ལ་དགའ་བའི་ལྷ་ཚངས་པ་དང་རྒྱ་བྱིན་ལ་སོགས་པས་བདེ་བར་གཤེགས་པས་ཆོས་འཁོར་མ་བསྐོར་ན། འཇིག་རྟེན་འདི་ཉིད་སྔར་བཞིན་མུན་བསྐལ་ལྟ་བུའི་ངོ་བོར་གནས་རྒྱུ་ཡིན་པས། གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་དང་། ཆོས་དུང་དཀར་པོ་གཡས་འཁྱིལ་སོགས་ཕུལ་ཏེ་གསོལ་བ་བཏབ་པས། ཧོར་ཟླ་ ༦ པའི་ཚེས་ ༤ ཉིན། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཁྲི་ལ་སྐོར་བ་ལན་གསུམ་མཛད་དེ། ཆེས་ཐོག་མར་འདུལ་སླ་ཞིང་། ཉོན་མོངས་ཆུང་བ། ཤེས་རབ་གསལ་བའི་འཁོར་ལྔ་སྡེ་བཟང་པོར་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། ། འདི་ནི་ལམ་འཕགས་པའི་བདེན་པའོ། ། འདི་ནི་འགོག་པ་འཕགས་པའི་བདེན་པའོ། ། ཞེས་དང་།

སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་པར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་སྲིད་ཞི་གཉིས་ཀའི་རྒྱུ་འབྲས་རྟེན་འབྱུང་གི་ལམ་བོ་ཆེ་བདེན་པ་བཞིའི་རྣམ་བཞག་ཐོག་མར་གསུངས་སོ། །

དེའི་ཚེ་ཤེས་རབ་ཅན་ཀུན་ཤེས་ཀཽཎྜིནྱས་དགྲ་བཅོམ་པའི་གོ་འཕང་ཐོབ། དེ་ནས་བཟུང་འཇིག་རྟེན་འདིར་དཀོན་མཆོག་གསུམ་དངོས་སུ་བྱུང་བར་གསུངས། མཆོག་གསུམ་ལྷན་འཛོམས་བྱུང་བའི་ཉིན་མོ་དེ་ལ་དུས་ཕྱིས་ནང་པ་སངས་རྒྱས་པ་རྣམས་ཀྱིས་( dharmacakra day ཆོས་འཁོར་དུས་ཆེན་) ཞེས་ཉིན་མོ་གལ་ཆེན་དུ་བརྩི་བ་ཡིན་ནོ། ། 

༣] བདེན་བཞིའི་གནས་ལུགས།

ང་ཚོ་སཱ་ར་ཎཱ་ཐའི་མཆོད་རྟེན་མཇལ་ཐེངས་རེ་རེར། གནས་འདིར་སངས་རྒྱས་ཀྱིས་རང་ཉིད་སྐུ་དངོས་ཀྱི་སློབ་མ་རྣམས་ལས་བརྩམས་ཏེ་འཇིག་རྟེན་འདིའི་གང་ཟག་རེ་རེའི་རྒྱུད་ཀྱི་མ་རིག་པའི་སྨག་རུམ་མཐའ་དག་གཉེན་པོ་གང་ལས། གང་ཞིག། གང་གིས། གང་ལ་སྟེ། མདོར་ན། ཀུན་འབྱུང་ལས་སྡུག་བསྔལ་དང་། ལམ་བདེན་ལ་བརྟེན་ནས་འགོག་པ་འབྱུང་བའི་རྟེན་འབྲེལ་གྱི་གནས་ལུགས་བསྟན་ཡོད། 

དེ་བས་ཀྱང་གོ་སླ་མོར་བཤད་ན། སངས་རྒྱས་ནི། མཐའ་དང་ཟད་དུ་མེད་པའི་ཤེས་རབ་ཀྱི་ཀློང་མཁའ་ཁྱབ་ཀྱི་སྙིང་རྗེའི་ངོ་བོ་རྙེད་པའི་བཤེས་གཉེན་ཞིག་རེད། ཁོང་གིས་འགྲོ་བ་མི་གཙོ་བོར་གྱུར་པའི་སྲོག་ཆག་ཡོད་ཚད་ལ། གློ་བུར་གྱི་འཁྲུལ་སྣང་མ་རིག་པ་དང་། འདོད་ཆགས། ཞེ་སྡང་གི་བྲན་ལས་ཐར་ཏེ་ཆོས་ཀྱི་གནས་ལུགས་འཚོལ་སྟངས་བསླབ་ཡོད།

ཁོང་གིས་ང་ཚོར།  སྡུག་བསྔལ་གང་ནས་ཡོང་བ་དང་།  དེ་ཇི་ལྟར་མེད་པར་གཏོང་ལུགས། ལམ་ཇི་ལྟར་སྒྲུབ་པ་དང་། དེའི་འབྲས་བུ་ཐོབ་ཚུལ་སྟོན་སླད།

“ ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། ། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་བར། ། ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ། ” ཞེས་བདེན་པ་བཞིའི་གནས་ལུགས་ལ་འགྲེལ་བཤད་གནང་བར་མ་ཟད། ཁོང་གི་བསྟན་པ་འདིར་ཕྱི་རོལ་བའི་ཆོས་ལུགས་ལྟར་རིགས་རུས་མི་གཙོ་བར། སུ་ཞིག་གིས་ལམ་བསླབ་གསུམ་ལེགས་པར་སྲུང་སྟེ་རང་སེམས་ཐུལ་ན། དེ་ཉིད་བསྟན་པའི་བདག་པོ་ཡིན་ནོ་ཞེས་བཀའ་སྩལ་ཏོ། ། 

ཆོས་རྒྱལ་མྱ་ངན་མེད་ཀྱིས་འཁོར་ལོ་འདི་བེད་སྤྱོད་མང་པོ་གནང་བར་བརྟེན། དུས་ཕྱིས་ཨམ་བྷེ་ཀར་གྱིས་ཀྱང་རྒྱ་གར་གྱི་དར་ཆའི་ནང་ཆོས་འཁོར་འདི་བཅུགས་ཤིང་། རྩིབ་བཅུ་གཉིས་པས་མཚོན་འཁོར་ལོ་སྣ་མང་དང་། ཆོས་ཇི་ལྟར་མཉན་ཚུལ་གོ་སླད་རི་དྭགས་ཆོས་འཁོར་སོགས་སྒྱུ་རྩལ་རང་བཞིན་ལྡན་པའི་རི་མོ་དང་། རྡོ་བརྐོས། འབུར་མ་སོགས་དར་བ་ཡིན་ནོ། །

སྨྲས་པ།

གང་གིས་འོ་ཅག་འཁོར་བའི་འདམ་རྫབ་ཏུ། །

བརྫངས་ཀྱང་སླར་ཡང་དེ་ཉིད་གཞོམས་པའི་གཏམ། །

སྲིད་འདིར་ཐོག་མར་འདོམས་པའི་གནས་བཟང་པོ། །

དྲང་སྲོང་ལྷུང་བ་རི་དྭགས་ནགས་ཚལ་དྲན། །

མུ་འགོད་་་་་་

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*