༸གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས།

༸བརྩེ་ཆེན་བསྟན་པའི་བརྒྱུད་འཛིན་ཁམས་སྒ་བ་དང་སྡེ་དགེ་ནས་གནས་མཆོག་རྡོ་རྗེ་གདན་ལ་༸གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་གོ་སྒྲིག་གནང་འདུག

༄༅། །གནས་མཆོག་རྡོ་རྗེ་གདན་དུ་བརྗིད་ཀྱིས་ཆགས་པའི་དཔལ་ས་སྐྱའི་ལྷ་ཁང་ཆེན་མོ་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་དུ་སྒྲུབ་ཐབས་ཀུན་བཏུས་ཀྱི་གསུང་ཆོས་སྐབས་སུ་སྒ་པ་བརྩེ་ཆེན་ས་སྐྱ་པའི་རྗེས་འཇུག་ཡོངས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱ་པ་ཆེན་པོ། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་པར་བཞུགས་པའི་གསོལ་བ་འདེབས་པའི་སླད། རྣམ་རྒྱལ་སྟོང་མཆོད་ཀྱི་སྒྲུབ་ཞག་གནད་སྨིན་སྔོན་སོང་གིས་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་ཟླ་བ ༡༡ པའི་ཚེས ༢༤ལ་བརྟན་བཞུགས་ཟབ་རྒྱས་འབུལ་མཛད་ཡོད་པ་མ་ཟད།

སླར་ཡང་བརྩེ་ཆེན་བསྟན་པའི་བརྒྱུད་འཛིན་སྡེ་དགེ་ལྷ་སྡེ་མི་སྡེ་ཐུན་མོང་ནས་བསྟན་འགྲོའི་དཔལ་མགོན་དམ་པ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང༌། ༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་རྣམ་གཉིས་ལ་ཕྱི་ལོ་༢༠༢༢ ཟླ་བ་ ༡༢ ཚེས་ ༦ དང་། བོད་ཟླ་༡༠ ཚེས་ ༡༤ ཉིན་ནས། དཔལ་ས་ངོར་ཚར་རྫོང་གི་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་སྒྲུབ་ཞག་གནང་རྒྱུ། 

ཕྱི་ལོ་༢༠༢༢ ཟླ་བ་ ༡༢ ཚེས་ ༨ དང་། བོད་ཟླ་ ༡༠ ཚེས་ ༡༦ དང་པོའི་ཉིན་༸སྐྱབས་མགོན

༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ལ་བརྟན་བཞུགས་དངོས་གཞི་འདེགས་འབུལ་ཞུ་རྒྱུ། 

ཕྱི་ལོ་༢༠༢༢ ཟླ་བ་ ༡༢ ཚེས་ ༩ དང་། བོད་ཟླ་ ༡༠ ཚེས་ ༡༦ ཕྱི་མའི་ཉིན་༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ལ་བརྟན་བཞུགས་དངོས་གཞི་འདེགས་འབུལ་འཆར་རེད་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*