མཁན་ཆེན་བཀའ་བཞི་པ་རིག་པའི་སེང་གེ་རྣམ་ཐར།

༄༅། །མཁན་ཆེན་བཀའ་བཞི་པ་ནི། རབ་བྱུང་ལྔ་པའི་མེ་ཕག་སྤྱི་ལོ་༡༢༨༧ལོར། ཡུལ་རྒྱལ་མོ་ཚ་བ་རོང་གི་འགུ་ཐོམ་གྱི་ཡུལ་རྒྱལ་མོ་དངུལ་ཆུའི་འགྲམ་ཚ་ཐོག་བྱེ་མ་རླུང་སྒོ་ཞེས་པའི་ཡུལ་དེར། གདུང་རིགས་རུས་ཆེན་སྒོའི་ནང་ཚན་འགུ་བོ་ལུ། ཡབ་ཡོན་བདག་རྐང་རིང་དང་། ཡུམ་རོ་ཟ་དགེ་བ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡབ་ཀྱིས་གཡུང་དྲུང་དཔལ་ཞེས་མིང་འདོགས།རྩིས་པས་བྱིས་པ་འདི་ཆོས་ཀྱི་སར་སྐུ་འཁྲུངས་པས་ཆོས་མིང་ཐོགས་ཟེར་ནས་མཚན་ཨ་དཔལ་ཞེས་གསོལ། དེ་ནས་ཅུང་ན་སོན་པ་དང་རྒྱ་བོད་ས་མཚམས་མེ་རུ་རྩེ་ཞེས་པའི་ཞོལ་ཤོ་ར་ཞེས་པ་དང་། འབོ་ཞེས་པའི་ཡུལ་རྣམས་སུ་ལོ་བརྒྱད་ཀྱི་བར་དུ་འོ་མ་དང་། ཞོ་དང་། མར་དང་། འབྲུ་མར་དང་། སྦྲང་རྩི་དང་། འབྲས་ཆན་གྱིས་བསྐྱེད་བསྲིང་པས་སྐུ་ཆེ་བར་གྱུར། ཆུང་དུས་ནས་རིག་པ་དྭངས་པ། བློ་རིག་བཀྲ་བ། ཕ་མ་རྒན་རྒས་ལ་གུས་པ་ཅན་གྱི་ཁྱེའུ་ངོ་མཚར་བ་ཅན་ཞིག་བྱུང་ངོ། དེ་ནས་རབ་སྒང་དུ་བྱོན་ཏེ་འཇི་པོ་ཨ་འལ་གྱི་དྲུང་དུ་བཞུགས། དགུང་ལོ་བཅུ་གཅིག་པར་མ་ཡུམ་གྲོགས། དགུང་ལོ་བཅུ་བཞི་པར་ཡུལ་གྱི་རྫི་བོ་བྱས། དེར་ཞབས་ལ་སྦྲུལ་གྱིས་སོ་བརྒྱབ་པས་ལྷམ་སྒྲོག་གིས་བཅིངས་པས་ཁྲག་ཆད། ཕྱིས་བཀྲོལ་རྗེས་རྣག་ཤོར་ནས་འབུ་ཞུགས་པས་བལྟ་མི་ཕོད་པར་གྱུར། ནད་ཚབས་ཆེ་བས་འདི་བཞིན་འཚོ་བ་ལས་ལྕེབས་ན་དྲག་སྙམ་པའི་སྡུག་བསྔལ་མི་བཟོད་པ་མྱངས་ཤིང་། མཐར་པུས་མོ་མན་ཆད་ཆད་སོང་བས་ཕྱག་མཁར་ལ་བརྟེན་དགོས་པར་གྱུར། ཐོག་མར་ཡབ་ལས་ཀློག་ཅུང་ཟད་བསླབས། དེ་ནས་ཡི་གེ་འབྲི་རྒྱུར་སྦྱངས། བྲིས་ཀློག་ལ་ཚེགས་མེད་པར་གྱུར་ཏེ་བྲིས་པ་རྒན་པོ་རྣམས་ཀྱིས་ཀྱང་བཀུར། ལོ་མང་པོར་བྲིས་ཀློག་གི་ལས་མཛད།རང་བཞིན་གྱིས་ཡོན་ཏན་ཆེ་བས་ཚད་མ་རིགས་གཏེར་དང་སྡོམ་གསུམ་རབ་དབྱེ་རྣམས་རྒྱུན་གཟིགས་གནང་པས་ཕལ་ཆེར་ཁོང་དུ་ཆུད།དུས་དེར་སྦྱིན་བདག་རྣམས་ཀྱིས་བསྙེན་བཀུར་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཀྱི་ངང་དུ་བཞུགས་པའི་ཚེ།ད་ནི་འདི་ལྟར་དུས་འདའ་བ་ན་འཆི་བའི་ཚེ་ཇི་ལྟར་བྱ།དེ་བས་དམ་པའི་ཆོས་ཡང་དག་པ་ཞིག་ཉམས་སུ་ལེན་དགོངས་ནས།གཡག་བཟང་བླ་མ་ཀུན་དགའ་དཔལ་དང་། མེ་རེ་བཟང་པོ་དཔལ་གཉིས་སློབ་དཔོན་དུ་བཟུང་ནས་དབང་ལུང་གང་ཐོབ་ཞུས།དེ་ནས་རྩ་བའི་བླ་མ་ཀུན་དགའ་དཔལ་ལ་བདག་དབུས་གཙང་དུ་འགྲོའམ།ཡང་ན་དབེན་པ་ལོ་སྤྲེལ་ལ་གདམས་ངག་ཟབ་མོ་ཉམས་ལེན་བྱེད་པ་གང་དགའ་ཞུས་པར། བླ་མའི་ཞལ་ནས།ཁྱོད་ཞབས་ཀྱང་མི་བདེ།འདིར་ལྕམ་སྲིང་གི་འཚོ་བའང་སྦྱོར་ནུས།བརྩོན་འགྲུས་ཀྱང་ནུས་པས་བསྒྲུབ་པ་འཐད། སྤུ་འབོར་སྒང་ཆེན་ཁང་སྐར་དུ། ཨ་དཀར་དར་མ་དཔལ་ཚང་གིས་ཟུར་ཆོས་པ་བཟང་པོ་ཞིག་དྲངས་ནས་འཆད་ཉན་བྱེད་ཅིང་ཡོད་པས་དེར་འགྲོ་བ་འཐད་གསུང་པ་དང་། མོ་མ་ལ་ཇུ་ཏིག་བཏབ་པས་མོ་ཡང་ལྷག་པར་བཟང་བས་དེར་ཕེབས་ནས་བཞུགས། དགུང་ལོ་སུམ་ཅུ་པའི་མེ་འབྲུག་སྤྱི་ལོ་༡༣༡༦ལོར་མཁན་ཆེན་ཆོས་རྒྱལ་བ་དང་། སློབ་དཔོན་དར་མ་དཔལ་གྱི་དྲུང་དུས་དགེ་ཚུལ་གྱི་སྡོམ་པ་ཞུས།སློབ་གཉེར་གྱི་འཕྲོ་ལེགས་པར་བསྐྱངས། ཁ་རག་པའི་དགོངས་པ་དཔྱིས་ཕྱིན་པར་རྟོགས། འོན་ཀྱང་ཐུགས་ཅུང་ཟད་མ་ཚིམས་ནས་དབུས་གཙང་དུ་ཕེབས་རྒྱུ་ཐག་བཅད། ཕྱག་རྫས་རྣམས་ཇ་མཛོ་གཉིས་དང་བརྗེས། གྲོགས་དབུལ་པོ་གཅིག་དང་མཉམ་དུ་ལྷ་སར་ཕྱིན། ལྷོ་རི་བོ་ཆེར་སླེབས་པ་དང་མཛོ་འཐིང་བས་འགྲོ་མ་ནུས་པས་གཞི་བཙུན་ཞིག་ལ་ཇ་རྒྱ་གང་དང་བརྗེས། དེ་ནས་བཞུད་པར་གྲབས་ཀྱི་སྐབས་སུ་རྐང་མཐིལ་དུ་རྣག་བསགས། ཤའུ་ནུ་མ་འདྲ་བ་དམར་སིང་ངེ་བ་ཞིག་བྱུང་ནས་ས་ལ་རེག་མི་བཟོད་པའི་ནད་ཆེན་པོ་ཞིག་བྱུང་བས། གཞན་དག་གིས་མཛེར་ནག་ཡིན་པས་འཆི་བ་ལས་འོས་མེད་ཟེར། གྲོགས་དེས་ཀྱང་འཆིའོ་སྙམ་ནས་སྙིང་རྗེ་དྲག་པོ་སྐྱེས། དེར་ཐབས་གཞན་མེད་པས་ཤའུ་ཁབ་ཀྱིས་བཙག །
ཤའུ་ས་ནས་བརྣག་མང་དུ་བཏོན་ནས་ཕུས་བཏབ་པས་རྨ་སོས། དེ་ནས་ལམ་དུ་དཀའ་ངལ་མང་པོ་ཞིག་དང་འཕྲད་པ་རྣམས་ཁྱད་བསད་མཛད་ཅིང་མུ་མཐུད་ཕེབས། དབུས་སུ་སླེབས་རན་ཁར་གྲོགས་པོ་དེར་སྔར་གློ་ནད་ཡོད་པ་དེ་ཐུར་སོང་བས་དེར་མཛོ་གོང་དུ་བཞག་ཅིང་ཞབས་ཞུས་བྱེད་ཅིང་སོང་ཡང་། ཉིན་ཞིག་ནད་ཚབས་ཆེར་སོང་བས་མཛོ་ལ་བཀལ་མི་ཐུབ་པར་གྱུར།ཇོ་མོ་གངས་དཀར་དུ་ཀརྨ་པ་རང་བྱུང་རྡོ་རྗེ་བཞུགས་ཡོད་པ་དེར་སོང་ནས་སྨན་དཔྱད་དང་རིམ་གྲོ་གང་བྱས་ཀྱངགསོ་མ་བཏུབ་པ་གཤེགས། དེ་ནས་ས་སྐྱ་ལ་ཕེབས་པ་རིམ་བཞིན་སྣར་ཐང་དུ་འབྱོར། དགེ་བཤེས་སྣར་ཐང་པ་ལས་ཤེར་ཕྱིན་ཚར་གཅིག་གསན། དེ་ནས་ས་སྐྱར་བྱོན།དེ་དུས་གཞི་ཐོག་གི་གདན་སར་བླ་མ་བདག་ཉིད་པ་བཞུགས། སློབ་དཔོན་བྱང་ཆུབ་དཔལ་བཞུགས་པའི་དྲུང་དུ་ཚད་མ་རྣམ་འགྲེལ་ཞིབ་པར་གསན། སློབ་དཔོན་བྱམས་མགོན་པ་དུས་་དེར་སྐད་གྲགས་ཆེ་བས་མཇལ་ཁ་ཞུས་ཀྱང་། ཕུར་པའི་བསྙེན་སྒྲུབ་ཀྱི་སྐུ་མཚམས་བཞུགས་པས་མཇལ་ཁ་མ་ཐོབ།རྗེས་སུ་མི་གཞན་གྱིས་ཁོང་ལ་མི་ཉག་ཤིང་རྐང་ཅན་དེ་ཤེས་རབ་ཆེ་ཞིང་ཆོས་སྐད་བཟང་པོ་ཡོད་འདུག་ཅེས་ཞུས་པར། བླ་མས་ཤིན་ཏུ་ཐུགས་མཉེས་ནས་གཟིམ་གཡོག་པ་འབོད་དུ་བཏང་། གདམས་ངག་གང་ལ་གང་དགོས་བུམ་པ་གང་བྱོལ་པའི་ཚུལ་དུ་གནང་བས།བཀའ་བཞི་པ་རིག་པའི་སེང་གེ་ཞེས་མཚན་སྙན་རྒྱས། དེ་ལྟར་ལོ་ཤས་སློབ་གཉེར་ལ་ཐུགས་རུས་ཆེན་པོ་མཛད་པས་འཚོ་བའི་ཡོ་བྱད་ལ་དཀའ་ངལ་ཆེན་པོ་འཕྲད། རྒྱགས་ཆད་བཟའ་བཏུང་མེད་པས་གྲོང་བར་གྱི་རུས་ཀོག་བསྡུས་ནས་ཁུ་བ་བཀོལ་ཏེ་གསོལ་བ་དང་། ཁྱི་དང་རྟའི་རུས་ཀོག་བསྡུས་ནས་ཁུ་བ་བཀོལ་ཏེ་གསོལ་དགོས་པ་བྱུང་།དེ་ནས་ཁྲོ་ཕུར་ཕེབས་ཏེ་སློབ་དཔོན་འཇམ་ཉག་ལས་ཚད་མ་རྣམ་ངེས་དང་། འདུལ་བ་ལུང་སྡེ་བཞི་དང་། ཡུམ་སྲས་བཅུ་བདུན་དུ་གྲགས་པ་རྣམས་ཀྱང་གསན། ས་སྐྱར་སྙུང་གཞི་དྲང་པོས་མནར། དེ་ནས་དགུང་ལོ་སུམ་ཅུ་སོ་དྲུག་པའི་ཆུ་ཁྱི་སྤྱི་ལོ་༡༣༢༢ལོར་རིན་ཆེན་སྒང་གི་གཙུག་ལག་ཁང་དུ། ཁྲོ་ཕུའི་མཁན་ཆེན་བསོད་ནམས་གྲགས་པ་དང་། ལས་སློབ་ཁྲོ་ཕུ་བ་བསོད་ནམས་བཟང་པོ། གསང་སྟོན་སློབ་དཔོན་གཞོན་ནུ་མགོན་པོ་སོགས་དད་པའི་དགེ་འདུན་བཅུ་གཅིག་གི་དབུས་སུ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་གསུམ་ཉིན་བསྙེན་པར་རྫོགས། སློབ་དཔོན་རྡོ་རྗེ་རྒྱལ་མཚན་གྱིས་བླ་མ་བྱམས་མགོན་པའི་སློབ་མ་ཁྱོད་ལས་རིགས་གཏེར་མཁས་པ་མེད་པས་གདན་འདིར་རིགས་གཏེར་བཤད་པའི་སློབ་དཔོན་བྱ་དགོས་གསུང་ཡང་། ཁོང་ད་རུང་ངས་མཛོད་འདུལ་ཡང་བསླབ་དགོས་པས་སློབ་དཔོན་བྱེད་མ་རན་གསུངས་ནས་མ་གསན་ཏེ་གྲྭ་བསྐོར་ལ་ཕེབས། དང་པོ་ས་སྐྱ་ནས་དབུ་བཙུགས།རིམ་བཞིན་དབུས་གཙང་གི་བཤད་གྲྭ་ཆེ་ཁག་དང་། ལྷ་ས། བྲག་ཡེར་པ་རྣམས་སུ་གཡག་སྡེ་པཎ་ཆེན་དང་ལྷན་ཏུ་ཕེབས། མཁན་ཆེན་ཐར་ལོ་ཉི་མ་རྒྱལ་མཚན་གྱི་དྲུང་དུ་གྲུབ་ཐོབ་ཤཱ་བ་རི་པ་ནས་བརྒྱུད་པའི་ཡན་ལག་དྲུག་གི་གདམས་ངག་ཞུས་པས་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས།།

       དེ་ནས་ཉང་སྟོང་ནས་ཡར་འབྲོག་ཏུ་བྱོན་པའི་ལམ་བར།ཞབས་མཐིལ་བུག་ནས་གོམ་པ་ལྔ་དྲུག་ཙམ་ལ་ངལ་གསོ་བྱ་དགོས་པ་བྱུང་ཞིང་། ཞལ་སྐོམ་ནས་མི་བཟོད་པས་ལམ་ཁར་བུད་མེད་ཆང་བཙོང་མཁན་ཡོད་པ་དེ་དག་ལས་ཆུ་ཅུང་ཟད་སློང་ཡང་། དེ་དག་གིས་ཆུ་མེད།སིང་པོ་གསོལ་ན་ཉོ་མི་དགོས་པར་གསོལ་ཞེས་ཞུས། ཆང་གི་རིགས་མི་འཐུང་། ཆུ་གྲང་མོ་ཡོད་དམ་གསུངས་པས་མེད་ཟེར། དེར་ནོར་ཕྱུགས་མང་པོའི་གཅིན་དང་ཆརའདྲེས་པའི་ཆུ་འཁྱིལ་མཚེའུ་རུལ་པ་གཅིག་འདུག་པ་ལ་ཕོར་པ་གང་གསོལ། ད་རེས་སྲན་ཐུབ་ན་ཕྱིན་ཆད་ཆང་གཅོད་སླ་བར་དགོངས་ནས་ཐུགས་དམ་ཆེན་པོ་མཛད། སྲུང་སྡོམ་ཕྲ་རག་ལ་མིག་འབྲས་བཞིན་དུ་སྲུང་། གདམས་ངག་དང་སློབ་གཉེར་གྱིས་ཐུགས་ཚིམ་པར་མཛད་ནས། ཡུལ་དབུས་སུ་ཆོས་བཤད་པ་ལས་མཐའ་འཁོབ་ཏུ་ཆོས་ཐུན་ཏེ་བཤད་པས་ཕན་ཡོན་ཕོན་ཆེ་བར་དགོངས་པ་དང་། ཁྱད་པར་དུ་རབ་སྒང་དུ་འཆད་ཉན་ཞིག་བཙུགས་ན་དགོངས། དེ་ནས་དཔེ་ཆ་མང་པོ་བསྒྲུབས་ནས་ཁམས་སུ་འབྱོན་པར་ཆས་པ་ན། སློབ་དཔོན་གཞོན་ནུ་རྒྱལ་མཚན་གྱིས་རིན་ཆེན་སྒང་ནས་འཕྲང་བར་དུ་སྐྱེལ་ཐུང་མཛད་ཅིང་། གསུང་གླེང་དང་ཞལ་ཏ་མང་དུ་བྱོན། དབུས་སུ་འབྱོར་པ་དང་རྟེན་གྱི་གཙོ་བོར་ཇོ་བོ་རིན་པོ་ཆེའི་དྲུང་དུ་རང་ཉིད་བསྟན་པའི་བདག་པོར་གྱུར་པའི་སྨོན་ལམ་དྲག་ཏུ་བཏབ་ཅིང་། མགྲོན་པོ་དག་དང་ལྷན་ཅིག་ཁམས་ཕྱོགས་སུ་ཕེབས་པར་སྤུ་འབོལ་སྒང་དུ་འབྱོར་རོ།།

   དགུང་ལོ་ཞེ་ལྔ་པའི་ལྕགས་ལུག་སྤྱི་ལོ་༡༣༣༡ལོར། ཆོས་ཀྱི་གྲགས་པ་སོགས་དཔོན་སློབ་ལྔ་གནས་ནང་ནས་རབ་སྒང་དུ་ཕེབས་ཀྱང་སུས་ཀྱང་མ་ཚོར། ལོ་དེར་ཡག་བཟང་ནང་དུ་དབྱར་གནས་ཟླ་བ་གསུམ་འཚོགས་པ་དེ་ནི་རབ་སྒང་ཡུལ་འདིར་གྷནྜ་བརྡུང་བ་ཐོག་མ་ཡིན་ཞེས་གསུངས། ཡུལ་གྲོང་རྣམས་སྐྱབས་འགྲོ་སེམས་བསྐྱེད། བསྙེན་གནས་སོགས་ཆོས་ཀྱི་སྦྱིན་པ་མཛད་ཅིང་འཚོ་བ་བསོད་སྙོམས་རྒྱུ་བ་ལས། དཀོར་སྡུད་དང་ཉོ་ཚོང་སོགས་ལོག་པའི་འཚོ་བ་ལ་མི་བརྟེན། ཁ་ཅིག་གིས་དབང་གྲལ་རེ་ཙམ་བསྡུ་དགོས་པ་ཞུས་ཀྱང་མ་གནང་། འགའ་ཞིག་གིས།བཀའ་བཞི་པ་འདི་སྐྲུ་ས་ལ་ནི་འགྲོ། དབང་མི་བྱེད་པ་རེ་མཚར་ཞེས་འཕྱ་བ་གསན་ཀྱང་། ཟས་བསོད་སྙོམས་ལ་བརྟེན་པ་ཚངས་པ་སྤྱོད་པའི་གནས་ཡིན་པས་རབ་བྱུང་གི་སྐྲུ་བ་ངོ་མ་ཚ་གསུངས། དེ་ནས་གནས་ངེས་མེད་ཉུང་ཞིང་ཕེབས། མཐར་ཡག་བཟང་གི་ཡུལ་རལ་པ་ཅན་གྱི་རི་ལ་ཆོས་སྒར་ཕབ་ནས་བཞུགས། དགུང་ལོ་ང་དྲུག་པའི་ཆུ་རྟ་སྤྱི་ལོ་༡༣༤༢ལོར། ཞལ་སློབ་དཀོན་མཆོག་རྒྱལ་མཚན་དང་། རྣམ་རྒྱལ་དཔལ་བ་སོགས་བུ་སློབ་རྣམས་ལ་རིགས་གཏེར་དང་། གྲུབ་མཐའ་སོགས་གསུང་པ་དང་། གཞན་ཡང་དྲ་མ་རྒྱལ་མཚན། རྒྱལ་བ་དཔལ། ཤཱཀྱ་དཔལ།བྱང་རྒྱལ། ཀུན་དགའ་རྒྱལ་མཚན། བླ་རྒྱལ། ཟླ་བ་བཅས་ཀྱི་སློབ་མ་རྣམས་བྱུང་། སྤུ་འབོལ་གདུལ་བྱའི་ཡན་ལག་ཏུ་དགེ་སློང་མ་བཀྲ་ཤིས་དཔལ་རབ་སྒང་དུ་བྱུང་བ་ལ་བརྟེན་ནས་དགེ་སློང་མའི་དགེ་འདུན་ཡང་བསྐྱངསསོ། དེ་ལྟར་དགུང་ལོ་ཞེ་ལྔ་ནས་བཟུང་ལོ་ངོ་བཅོ་ཙམ་ཡག་བཟང་རལ་པ་ཅན་གྱི་རི་ལ་འཆད་ཉན་མཛད་ཅིང་། དགུང་ལོ་ང་དགུ་པའི་ཤིང་བྱ་སྤྱི་ལོ༡༣༤༥ལོར། མཁན་ཆེན་བཀའ་བཞི་ཉིད་དང་། གྲགས་པ་རྒྱལ་མཚན། ཡོན་ཏན་རྒྱལ་མཚན། དཀོན་མཆོག་རྒྱལ་མཚན། རྣམ་རྒྱལ་དཔལ་བ་བཅས་ཆོས་འཆད་མཁན་ལྔ་དང་། གཞན་བདུན་སྟེ་དཔོན་གཡོག་བཅུ་གཉིས་པོ་གཞི་བཏེགས་ནས་སྐྱ་ཀེ་ཕྱོགས་སུ་ཆོས་ཀྱི་སྦྱིན་པ་ལ་བྱོན་ཞིང་རིམ་གྱིས་མིའུ་རྫ་བཀྲ་དགོན་དུ་བཞུགས་སོ། དགུང་ལོ་དྲུག་ཅུ་པའི་མེ་ཁྱི་སྤྱི་ལོ༡༣༤༦ལོར་ཐུ་ལི་རི་ཁྲོད་དུ་དགུན་བཞུགས་མཛད། ནུབ་མགོ་བྱང་ཆུབ་གླིང་གི་འདུ་ཁང་དུ་ཤ་ཆང་མི་སྤྱོད་པ་སོགས་པའི་བཅའ་ཡིག་བྲིས། དེར་སེང་གེ་བཟང་པོ་དང་། སངས་རྒྱས་བཟང་པོ།ཆོས་བཟང་པོ། དྷརྨ་ཕ་ལ་སོགས་གདུལ་བྱ་མང་དུ་འདུས་ཤིང་། བྱ་སྟག་ཉི་མ་དང་། རྒྱལ་བཟང་སོགས་བསྙེན་རྫོགས་ཞུ་སར་བྱུང་། སྟོང་འགོ་གནས་གཞིར་དབྱར་གནས་མཛད་དུས་རྨ་སེ་སྟོན་པ་རིན་ཆེན་བཟང་པོ་གྲྭ་སྐོར་ལ་བྱོན་པ་དང་མཇལ། དེ་ནས་རིམ་བཞིན་འགུ་ཀྱི་རུ་ཕྱག་ཕེབས། བླ་མ་ཉག་སེ་ཡེ་ཤེས་དཔལ་ལས་དུས་འཁོར་སྦྱོར་དྲུག་སོགས་ཆོས་མང་པོ་གསན། བླ་མ་ཉག་སེ་བས་ཀྱང་ཚུར་བཀའ་བཞི་པ་ལས་མངོན་པ་མཛོད་གསན་ཞིང་ཕན་ཚུན་བླ་སློབ་ཏུ་གྱུར། དགུང་ལོ་རེ་བདུན་པའི་ཆུ་འབྲུག་སྤྱི་ལོ་༡༣༥༢ལོར། བཀའ་བཞི་པ་རལ་པ་ཅན་གྱི་དགོན་པར་བྱོན། དེ་རྗེས་སུ་རེ་པོ་རུ་བླ་མ་ཉག་སེ་བ་སྐུ་ཁམས་དྲག་པོ་བསྙུང་། དུས་འཁོར་གྱི་ཡིག་ཆ་ཐམས་ཅད་དྲུང་བཀའ་བཞི་པ་ལ་གཏོད་གསུང་པའི་ཞལ་ཆེམས་གནང་སྟེ་ཞི་བར་གཤེགས་སོ། དེའི་དགོངས་རྫོགས་ལེགས་པོར་གྲུབ་རྟིང་། བཀའ་བཞི་པ་དགུང་ལོ་རེ་བརྒྱད་ལ་སླེབས། རབ་བྱུང་དྲུག་པའི་མེ་སྤྲེལ་སྤྱི་ལོ་༡༣༥༦ལོར་བསམ་འགྲུབ་ནོར་བུ་གླིང་གི་དགོན་པ་བཏབ། གྲྭ་པ་རྣམས་ལ་བསོད་སྙོམས་དང་གསོ་སྦྱོང་གི་རྗེས་སུ་བཟུང་སྟེ་འཕྲལ་ཕུགས་སུ་ཕན་པའི་ཞལ་ཏ་མཛད་ཅིང་། རང་ཅག་བསོད་སྙོམས་པ་ཡིན་ནའང་གནས་འདིར་ལྷགས་པའི་སྐྱེ་བོ་བྱུང་ཚད་ལ་ཞབས་ཏོག་མ་ཆག་པར་གྱིས་གསུངས། དགུང་ལོ་དོན་གསུམ་པའི་ས་ཕག་སྤྱི་ལོ་༡༣༥༩ལོར་ཀརྨ་པ་རོལ་པའི་རྡོ་རྗེ་མདོ་སྨད་ནས་ཕྱིར་ལོག་སྟེ་རབ་སྒང་དུ་ཕེབས་པ་དང་མཇལ་ཞིང་ཆོས་ཀྱི་གླེང་མོལ་མང་པོ་མཛད། དེ་ནས་སྤུ་འབོལ་སྒང་དུ་ལོ་གཅིག་ལྷག་ཙམ་འཆད་ཉན་གནང་སྟེ་སླར་ཡང་རབ་སྒང་དུ་བྱོན། སྤྱིར་དགུང་ལོ་དོན་བརྒྱད་པའི་ཆུ་ཡོས་ལོའི་བར་ལོ་ངོ་སོ་བཞིའི་རིང་སྟོན་གྱི་ལྗོངས་རྒྱུའི་སྐབས་མ་གཏོགས་པར། རལ་པ་ཅན་གྱི་སྡེ་དང་། རྫ་བཀྲ་སོགས་དང་། འགུ་ཀྱེ། བསམ་འགྲུབ་ནོར་བུ་གླིང་སོགས་རབ་སྒང་གི་ཡུལ་འདིར་ནང་དུ་རིམ་གཉིས་ཀྱི་ཐུགས་དམ་ལ་ཞུགས་ཤིང་། ཕྱི་རུ་ཡུལ་སྡེའི་ཁྱིམ་པ་རྣམས་ལ་རང་རང་གི་བློ་དང་འཚམས་པའི་ཆོས་ཅི་རིགས་སུ་གསུངས་ནས་འཁོར་བ་མཐའ་ཅན་དུ་མཛད། རབ་ཏུ་བྱུང་བ་འདོད་པ་རྣམས་ལ་ཐོག་མར་འདུལ་བ་ལ་སློབ་གཉེར་བསྐུར། བསྙེན་རྫོགས་ཞུ་མཁན་རྣམས་ལ་སྔོན་ལ་འདུལ་བ་ཚར་གཅིག་མ་བསླབ་པར་བསྙེན་རྫོགས་རྩ་བ་ནས་མི་གནང་བ་སོགས་ཐེག་པ་སོ་སོའི་གཞུང་དུ་བསྟན་པ་ལྟར་ཕྱག་ལེན་མ་འཆུག་པ་གནང་ནས་ཐུབ་པའི་བསྟན་པ་ཚང་ལ་མ་ནོར་བ་ཕྱག་ལེན་མཛད་དོ།  དེ་ནས་བཀའ་བཞི་པས་དགུང་ལོ་མཐོ་བས་ཟུར་དུ་དགེ་སྦྱོར་ལ་འབད་པའི་ཐུགས་འདུན་གྱིས། དགོན་པའི་ཚོགས་དཔོན་སློབ་དཔོན་གྲགས་པ་རྒྱལ་མཚན་དང་། དཀོན་མཆོག་རྒྱལ་བ་བསྐོས་ཏེ། གླིང་གི་ཤར་ཕྱོགས་སྤང་རི་རྫ་བཀྲ་རུ་དགུན་བཞུགས་སྐུ་མཚམས་དམ་པོ་མཛད་ནས་བཞུགས་པའི་ཚེ། གསོལ་ཇ་བ་བཙུན་ཆུང་གིས་ལྷ་འདྲེ་མངོན་སུམ་མཐོང་ཞིང་། ནག་ཕྱོགས་འབྱུང་པོས་བར་ཆད་བྱེད་པར་མཐོང་སྟེ་དགོན་གནས་ལྷུན་པོ་དཔལ་གྱི་རི་ལ་དགོན་གནས་སྤོ་དགོས་པར་བྱུང་། གཟིམ་ཁང་གྲུབ་ཟིན་ནས་སྒོམ་གྲྭ་བཙུགས། སྦྱོར་དྲུག་གི་ཁྲིད་བསྐྱངས། དུས་འཁོར་འཆད་ཉན་གྱི་རྒྱུན་སྤེལ། བཀའ་བཞི་པའི་ཞལ་ནས། སྒོམ་པ་ངོ་མཚར་ཆེ་ཡང་། ཐོས་པ་མེད་པའི་སྒོམ་གྲྭ་ལ་བླུན་པོ་གཏི་མུག་ཅན་ལས་མི་འོང་བས་བསྟན་པའི་རྒྱུན་བསྲིང་བ་ལ་ཐོས་པ་ཅན་གྱི་སྙིང་རུས་དགོས། ཐོས་པ་ཆུང་ངུས་ཏིང་ངེ་འཛིན་རྙེད་པ་ནི་བདུད་ཀྱིས་ལས་སོ། ཞེས་ཡང་ཡང་གསུངས།ཆོས་རྣམ་དག་བསྒྲུབ་པ་ལ་གྲུབ་ཐོབ་གོང་མ་རྣམས་བཞིན་དམན་ས་བཟུང་། གོས་ཧྲུལ་གྱོན། ཁེ་དྲག་སྤངས་པ་དང་། དྲུང་རང་ཉིད་ས་སྐྱ་དང་། ཁྲོ་ཕུ་ལ་བཞུགས་དུས་བཀྲེན་ལྟོག་གིས་མནར་བཞིན་དུ་ཆོས་ལ་མ་ཆག་པ་བྱས་པའི་གཏམ་རྒྱུད་ཡང་ཡང་གསུངས། དེ་ལྟར་དགུང་ལོ་དོན་བརྒྱད་ནས་གྱ་བཞིའི་བར་ལོ་ངོ་བདུན་ལ་གཙོ་བོར་ཐུགས་དམ་གྱི་ངང་དུ་བཞུགས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མན་ངག་གི་སྒོ་ནས་བསྟན་པ་རྒྱས་པར་མཛད། དགུང་ལོ་གྱ་བཞི་པའི་ལྕགས་ཁྱི་སྤྱི་ལོ་༡༣༧༠ལོའི་ས་ག་ཟླ་བ་ལ། མཁན་པོ་བྱམས་གསར་བ་དང་། རྨ་སེ་སྟོན་པ། མཁན་ཆེན་རྒྱལ་བ་རིན་ཆེན། མཁན་པོ་ཤཱཀྱ་དཔལ། མཁན་པོ་རྒྱལ་བ་བཟང་པོ་སོགས་ཀྱིས་གཙོ་མཛད། རབ་སྒང་གི་ཆོས་སྡེ་སོ་སོའི་མཁན་སློབ་དགེ་འདུན་དང་བཅས་པ་གདན་དྲངས་ཏེ། ཚེས་གཅིག་ནས་བཅོ་བརྒྱད་བར་སྟོན་པ་རྫོགས་པའི་སངས་རྒྱས་ལ་རྗེས་དྲན་གྱི་ཆོས་ཀྱི་མཛད་སྒོ་སྤེལ། དེ་ནས་བཟུང་ལོ་ལྟར་ས་ག་ཟླ་བའི་ཚེས་བརྒྱད་སངས་རྒྱས་སྐུ་བལྟམས་པའི་དུས་ལ་ཆོས་འཁོར་གྱི་དུས་ཆེན་དོན་གཉེར་རྣམས་འབོད་མི་དགོས་པར་ཚུར་བྱོན་ཤིག་གསུང་། ནང་སོ་ནས་ཀྱང་དེ་ནས་སྲོལ་བཟུང་སྟེ་དེང་སང་ཡང་ཕྱག་ལེན་ལ་ཐེབས་པར་མཛད་དོ། ཞེས་རྣམ་ཐར་རྩོམ་པ་པོ་སེང་གེ་བཟང་པོས་གསུངས། དེ་ལྟར་ཆོས་འཁོར་གྱི་བྱ་བ་ཟིན་པ་དང་སྔར་བཞིན་ཐུགས་དམ་ངང་ནས་རྒྱུད་འགྲེལ་མན་ངག་གི་སྒོ་ནས་དགུང་ལོ་གྱ་བརྒྱད་པའི་ས་སྟག་ལོའི་བར་དུ། གདུལ་བྱ་རྗེས་སུ་འཛིན་པར་མཛད་ཅིང་། དགུང་ལོ་གྱ་དགུ་པའི་རབ་བྱུང་དྲུག་པའི་ཤིང་ཡོས་སྤྱི་ལོ༡༣༧༥ལོའི་བོད་ཟླ་ལྔ་པའི་ཚེས་བཅུ་གཉིས་ནས་སྐུ་ཁམས་ཅུང་མི་བདེ་བ་བྱུང་པ་དང་། བསམ་འགྲུབ་ནོར་བུ་གླིང་གི་དགེ་འདུན་རྣམས་ཀྱིས་མཆོད་སྦྱིན་དང་། གསུང་སྒྲོགས། གསུང་སྒྲུབ་སོགས་རིམ་གྲོ་རྒྱ་ཆེན་ཞུས། མཁན་ཆེན་ཉིད་ལ་བར་མཚམས་རྣམས་སུ་དག་པའི་སྣང་བ་ཅི་རིགས་པ་བྱུང་ཞིང་། མཐར་ཐ་སྐར་ཟླ་བའི་ཚེས་བརྒྱད་ཉིན་ཉི་མ་རི་རྩེར་ཤར་བའི་དུས་སྐུ་གཤེགས་སོ།

     ཞེས་པ་རྗེ་ཉིད་ཀྱི་ཞལ་སློབ་སེང་གེ་བཟང་པོས་མཛད་པའི་རྣམ་ཐར ༼མཁན་ཆེན་བཀའ་བཞི་པ་ཆེན་པོ་རིག་པའི་སེང་གེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་རྒྱ་མཚོ༽ ཞེས་པ་ལ་གཞི་བྱས་ནས་མཛད་འཕྲིན་གྱི་སྙིང་པོ་རྣམས་བསྡུས་ཏེ་བཀོད་པའོ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*