༧སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགུང་གྲངས་ ༩༢་ལ་ཕེབས་པའི་གློ་བོ་མི་དམངས་ནས་བརྟན་བཞུགས་བསྟར་འབུལ།

༄༅། །བྱེས་ཀྱི་གདན་ས་ཆེན་མོ་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དུ་གློ་བོ་བརྟན་བཞུགས་ཚོགས་པའི་གོ་སྒྲིག་འོག   ༸ངོར་ཆེན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་མཆོག་ངོར་ཀླུ་ལྡིང་༸མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བརྟན་བཞུགས་འདེགས་འབུལ་སྐབས། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་༤༢ དང་༤༣ པ་རྣམ་པ་མགཉིས་དང་།  ༸སྐྱབས་རྗེ་འཁོན་གདུང་རྣམ་པ།  ༸སྐྱབས་རྗེ་ངོར་ཁྲི་པ་རྣམ་པ་གཉིས་དང་། ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་པ་དང་ཞབས་དྲུང་རྣམ་པ། དེ་བཞིན་དུ་མཁན་སྤྲུལ་བརྒྱ་ཕྲག་བརྒལ་བ་དང་དེ་བཞིན་དུ་དགེ་འདུན་དང་བཙུན་མ། གཉུག་མ་གནས་པའི་གླིང་ཚང་བོད་མི་རྣམས་པ་དང་། གློ་རྒྱལ་པོའི་མངའ་འབངས་ཀྱི་དད་ལྡན་གློ་བོ་སྐྱ་སེར་མི་དམངས་སོགས་ཕེབས་པའི་ ༸མཁན་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཕྱིར་དུ་སྒྲུབ་ཞག་སོགས་ལེགས་པར་གྲུབ་ནས། དེ་རིང་ས་སྐྱའི་བསྟན་པའི་སྲོལ་འབྱེད་དམ་པ་འཁོན་སྟོན་དཀོན་མཆོག་རྒྱལ་པོར་མཆོད་དང་ས་སྐྱའི་བསྟན་པའི་རིང་ལུགས་རྒྱས་མཛད་བརྩེ་ཆེན་ཀུན་དགའ་སྙིང་པོར་མཆོད། ས་སྐྱའི་བསྟན་པའི་སྲོལ་བཟང་སྐྱོང་མཛད་བླ་མ་བ་རི་ལོ་ཙཱར་མཆོད་དང་ས་སྐྱའི་བསྟན་པའི་རྒྱུན་འཛིན་བླ་མེད་མགོན་པོ་བསོད་ནམས་མཆོག་ལྡན་མཆོད་དང་དེ་བཞིན་དུ་༸ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་དགུང་ལོ་༩༢ བཞེས་པའི་སྐུའི་འཁྲུངས་སྐར་གྱི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར་གློ་བོ་དད་ལྡན་མི་དམངས་ནས་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་རླབས་ཆེན་གྱི་མཛད་པ་མཐའ་དག་བགེགས་མེད་ཡིད་བཞིན་འགྲུབ་པའི་ཕྱིར་བརྟན་བཞུགས་ཟབ་རྒྱས་ཕུལ་གནང་འདུག

ཐུགས་རྗེ་ཆེན་པོ་དང་ལྡན་པ།།

རྟག་ཏུ་གཞན་གྱི་དོན་མཛད་པའི།།

རྣལ་འབྱོར་དབང་ཕྱུག་ས་སྐྱ་པ།།

ཀུན་དགའ་སྙིང་པོ་ལ་ཕྱག་འཚལ།།

འཇམ་དཔལ་དཔའ་བོའི་སྤོབས་པའི་གཏེར་ཆེན་ཚོགས།།

དབྱངས་ཅན་དགའ་མས་གཅིག་ཏུ་སྤུངས་པའི་དཔྱིད།།

བསྟན་པའི་སྤྱི་ནོར་སྲིད་མུན་དྲུང་འབྱིན་པའི།།

ཐེག་ཆེན་ཆོས་ཀྱི་ཉི་མ་འཚོ་བཞེས་གསོལ།།

ཁྱེད་སྐུ་རི་རྒྱལ་བཞིན་དུ་རྟག་ཏུ་བརྟན། །

ཁྱེད་གསུང་ཚངས་དབྱངས་འགག་མེད་རྟག་ཏུ་བརྟན། །

ཁྱེད་ཐུགས་གཡོ་བ་མེད་པར་རྟག་ཏུ་བརྟན། །

མཁའ་མཉམ་འགྲོ་བའི་དོན་དུ་རྟག་ཏུ་བརྟན། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*