ངག་གི་མཆོད་མེ་ཡིད་ཀྱི་མུན་སེལ།

༄༅། །དཔལ་ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་འཁོར་བཅས་ཕ་རིས་སིར་ཆིབས་བསྒྱུར་གྱིས་ཆོས་འབྲེལ་བཀའ་དྲིན་བསྐྱངས་པར་ཕུལ་བའི་ངག་གི་མཆོད་མེ་ཡིད་ཀྱི་མུན་སེལ།

ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཆེན་དང།།
རིགས་གསུམ་མགོན་པོ་ཡི་དམ་ལྷག་པའི་ལྷ།།
ས་སྐྱ་གོང་མ་རྣམ་ལྔ་གདུང་རབས་ཕྲེང།།
ངག་དབང་ཀུན་དགའ་མཆོག་ལ་ཕྱག་འཚལ་ལོ།།

སྣང་གསལ་མེ་ཏོག་དྲི་ཞིམ་བདུག་སྤོས་དང།།
བཟའ་བཏུང་མཆོག་དང་ན་བཟའ་དམ་པ་སོགས།།
ཅི་འབྱོར་དངོས་དང་ཡིད་སྤྲུལ་ཀུན་བཟང་སྤྲིན།
ཐེག་ཆེན་དཔལ་འབར་འཁོར་དང་བཅས་ལ་འབུལ།།

དུག་གསུམ་མཐུ་ཆེན་དགྲ་ངོ་མ་བཟློག་པར།།
སྒོ་གསུམ་བྲན་དུ་གྱུར་བའི་ལས་ངན་བརྒྱའི།།
སྡིག་པ་ཅི་བགྱིས་འགྱོད་པས་ཉེར་དྲངས་ཏེ།།
འཕྲིན་ལས་བསམ་འཕེལ་ཞབས་ལ་མཐོལ་བཤག་འབུལ།།

གདུང་རབས་དམ་པའི་རྣམ་ཐར་གང་ཡིན་དང་།།
ལྷག་པར་སྐུ་ཚེ་འདི་ཡི་མཛད་འཕྲིན་བརྒྱ།།
རྗེས་འཇུག་གདུལ་བྱའི་དགེ་ཚོགས་མ་ལུས་པར།།
རྗེས་སུ་ཡི་རང་དང་བཅས་མངོན་པར་བསྟོད།།

འཕྲལ་གྱི་འཚོ་ཚིས་ཕུགས་ཀྱི་ལམ་བཟང་པོར།།
ཇི་ལྟར་འཇུག་འོས་ལེགས་ཉེས་བླང་དོར་དང།།
བསྟན་པ་སྤྱི་དང་ལྷག་པར་ས་སྐྱ་པའི།།
ཆོས་ཀྱི་འཁོར་ལོས་འགྲོ་ཀུན་རྗེས་འཛིན་མཛོད།།

འགྲོ་བའི་སྡུག་བསྔལ་སྤྱི་དང་ཡང་སྒོས་སུ།།
གངས་ལྗོངས་ཆོས་སྲིད་ཉམས་པ་སླར་གསོའི་སླད།།
སྲས་བཅས་བླ་མའི་སྐུ་ཚེ་བརྟན་དགོས་ཞེས།།
དབང་གི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས།།

དད་མོས་སོར་རྩེའི་འདུ་བྱེད་ཀྱིས་སྤྲུལ་བའི།།
ཚིགས་སུ་བཅད་པའི་ངག་གི་མཆོད་མེ་འདི།
བདག་གི་ཡིད་ཀྱི་མུན་པ་སེལ་ཕྱིར་དང།།
ཀུན་ཀྱང་འཆི་མེད་གོ་འཕང་འཐོབ་ཕྱིར་བསྔོ།།

དམ་ཆོས་སྨྲ་བའི་ངག་གི་དབང་ཕྱུག་ཆེ།།
ཀུན་ལ་དགའ་སྐྱེད་ཐེག་པ་ཆེན་པོའི་ཆོས།།
ལེགས་འདོམས་དཔལ་ཀུན་འབར་བའི་འཕྲིན་ལས་ཅན།།
བསམ་འཕེལ་དབང་གི་རྒྱལ་པོས་བཀྲ་ཤིས་ཤོག། །།

བོད་རྒྱལ་ལོ་༢༡༤༩ ཆུ་སྟག་བོད་ཟླ་༦་ཚེས་༤ཚེས་བཟང་དགེ་བར། ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གུས་ཕྱག་དང་བཅས་སྦྱར་བ་དགེའོ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*