ངའི་སེམས་ཀྱི་གཏིང་ནས་འདི་ལྟར་དྲན།

___ གྲོགས་ཚོམས་སུ་སྤེལ་བའི་སྐད་ཆ་འགའ་ཞིག་ཕྱོགས་གཅིག་ཏུ་དྲིལ་བ།

                                                                                                                                ཞྭ་ནག་པ།

༡ ཉེ་དུས་སུ་རྩོམ་ལ་འཇུག་མཁན་ནི་ཅུང་ཙམ་མང་བར་འདུག་པས། དེའང་དགའ་དགོས་པ་ཞིག་རེད། རྒྱུ་མཚན་ཅི་ཞེ་ན། ཉེ་བའི་དུས་སུ་བོད་ཡིག་བོད་སྐད་ལ་འཇུག་མཁན་ནི་ཇེ་དཀོན་ཇེ་ཉུང་ལ་འགྲོ་བཞིན་པའི་སྐབས་སུ་བོད་ཀྱི་རྩོམ་རིག་ལ་འཇུག་མཁན་འགའ་རེ་བྱུང་ན་དེ་དག་གིས་ཚད་མཐོ་བའི་བརྩམས་ཆོས་ཅི་ཡང་མ་ཕྲིས་རུང་། ཁོང་ཚོས་བོད་ཡིག་གི་ལམ་ནས་བོད་སྐད་ཀྱི་ཐོག་ནས་བཤད་འདོད་པ་དེ་བཤད་ཀྱིན་འདུག་པས། ང་ཚོས་“བོད་སྐད་ཅིག་བཤད་རོགས། བོད་ཡིག་ཅིག་འབྲི་རོགས”ཞེས་རང་གི་ནང་ཁུལ་ལ་སྐུལ་འདེད་བྱེད་བཞིན་པའི་སྐྱ་ཆད་སྔོ་རྡུགས་ཀྱི་དུས་སྐབས་འདི་འདྲ་བ་ཞིག་ལ་ཁོང་ཚོའང་བཀའ་དྲིན་ཆེ་པོ་མ་རེད་དམ།

༢ དེང་སྐབས་སློབ་མ་ཆུང་ཆུང་ཚོ་རྒྱ་སྐད་བཤད་པར་དགའ་ཞིང་། སོ་སོའི་ཁྱིམ་ཚང་ནང་ལའང་རྒྱ་སྐད་བཤད་ནས་གོ་བརྡ་འཕྲོད་ཨུ་ཐུབ་ལྟ་བར་དགའ་བོ་འདུག དེ་ག་ནང་བཞིན། སློབ་གྲྭ་ཆེན་པོར་སོང་ཡོད་པའི་སློབ་མ་ཆ་བོའང་རྒྱ་སྐད་བཤད་རྒྱུར་ཅུང་དགའ་བ་འདྲ། ཨོ། དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ཡོད་པ་ནི། སློབ་གྲྭ་ཆེ་སར་སོང་ནས་མཐར་ཕྱིན་རྗེས་ཕྱིར་རང་གི་ཕ་ཡུལ་ལ་ཡོང་ནས་མི་མང་ཁྲོད་དུ་སྐད་ཆ་བཤད་སྐབས། རང་སྐད་ཀྱི་ལམ་ནས་མ་ཤོད་པར་ཐབས་ཟད་དེ་མི་རིགས་གཞན་པའི་སྐད་བཀོལ་དགོས་བྱུང་བ་འདི་དངོས་གནས་སྐྲག་ས་ཞིག་མ་རེད་དམ།

༣ ཉེ་དུས་སུ་ཟ་སྐད་སྐད་འཐུང་སྐད་མི་གོ་བའི་དཀའ་ཁག་དེ་ཕར་ཆེར་མེད་པ་འདྲ་འོ།། དེའང་ཡོད་ན་ང་ལྟ་བུ་རེ་འགའ་ལས་མེད་དོ།། ཡིན་ན་ཡང་། ད་ནི་ལོ་ཁ་ཤས་ཀྱི་རྗེས་སུ་བོད་སྐད་བཤད་མི་ཤེས་ཤིང་བོད་ཡིག་འབྲི་མི་ཤེས་པའི་དཀའ་ཁག་ཆེན་པོ་ཞིག་ཡོད་ངེས་འདྲ་སྟེ། ངས་ཉེ་དུས་ཀྱི་ན་གཞོན་མང་པོ་ཞིག་གིས་སྐད་ཆ་བཤད་པར་དོ་སྣང་བྱ་བཞིན་ཡོད་མོད། ཕར་ཆེར་ན་ཆུང་བའི་བྱིས་པ་ལོ༤_༥ནས་སློབ་གྲྭར་འགྲོ་བའི་སློབ་མ་ལོ༢༠བར་གྱི་སློབ་མ་ཚོས་རང་གི་ནང་ཁུལ་གྱི་སློབ་གྲོགས་ཚོ་དང་ན་མཉམ་ཚོའི་ཁྲོད་དུ་བོད་སྐད་བཤད་ནས་འགྲོ་མཁན་ནི་ཧ་ཅང་ཉུང་བར་ཆགས་འདུག ནམ་ཞིག་ན་འདི་ཤིན་ཏུ་ཉུང་བར་ཆགས་ངེས་ཡིན་པ་གཏན་ཁེལ་རེད། དེ་བས། ནམ་ཞིག་འབྲོག་ལུང་འགོལ་པོ་དག་ན་བོད་སྐད་ཐར་ཐོར་རེ་བཤད་མཁན་ལས་མེད་པའི་འཇིགས་སྣང་ཆེན་པོ་ཞིག་གིས་ང་རང་ངང་གིས་གཙེ་ཡོང་ངོ་།།

༤ ཡང་གཅིག་བཤད་ན། བོད་ཡིག་གི་ཚེ་སྲོག་མ་ཆད་པར་ད་རུང་ལུས་ཡོད་པ་ནི་གྲྭ་བ་དང་གྲྭ་ལོག་དག་གི་བཀའ་དྲིན་རེད། ཁྱེད་ཚོས་ཡུན་གྱིས་གཟིགས་དང་། དོན་དམ་བོད་ཡིག་ལ་ཤ་འཐམ་ལྤགས་འཐམ་བྱས་ནས་བསྡད་ཡོད་མཁན་ནི་གྲྭ་པ་དང་གྲྭ་ལོག་དག་ལས་མང་པོ་ཞིག་མེད་དོ།།

༥ ཕ་ཡུལ་དུ་ན་ཆུང་བའི་སློབ་མ་མང་པོ་ཞིག་རེ་ནར་སོན་ཡོང་བས་དགའ་མོད། ང་ལ་རྒྱུན་པར་སེམས་ཁུར་གཞན་ཞིག་ཡོད་པ་ནི་ཁོང་ཚོས་བོད་ཡིག་ལེགས་པོ་ཞིག་ཤེས་ཐུབ་བམ་སྙན་པ་དང་། ཁོང་ཅག་དགེ་རྒན་ལེགས་པོ་རེར་འཕྲད་ཐུབ་བམ་སྙམ་པ་དེའོ།།

༦ ངའི་འཕྲིན་ཕྲན་ནང་ལ་བཀོལ་རྒྱུའི་ཡི་གེ་བརྒྱ་ཆ་དགུ་བཅུ་གོ་དགུ་བོད་ཡིག་ཁོ་ན་ཡིན། དེས་ང་རང་བོད་པ་ཞིག་ཡིན་པ་ལས་གང་ཡང་མཚོན་མི་ཐུབ། དེའང་གཅིག་ན་ངས་བོད་ལས་གཞན་མི་ཤེས་པས་ཡིན་སྲིད་ལ། དེ་ནི་ངའི་གྲོགས་པོ་ཚོས་དེ་ལྟར་བསམ་བཞིན་ཡང་ཡོད་ངེས། རེད་དེ། ངས་རྒྱ་ཡིག་གཅིག་ཀྱང་མི་ཤེས་པ་གཏན་ནས་མིན། འདིར་རེ་འགའ་ཞིག་གིས་བཀོལ་བཞིན་པ་ལྟ་བུའི“ཞོགས་པ་བདེ་ལེགས”དང་“ཕྱི་དྲོ་བདེ་ལེགས”ཞེས་མཚོན་བྱེད་ཀྱི་རྒྱ་ཡིག་ཙམ་ཞིག་ངས་ཀྱང་ཤེས། རེད་དེ་བཀོལ་ན་མི་འདོད་ཀི ཨོ། ངས་བརྒྱ་ཆ་གཅིག་ཙམ་ཞིག་ཅིའི་ཕྱིར་རྒྱ་ཡིག་བཀོལ་བ་རེད་ཅེ་ན། ངའི་གྲོགས་པོ་རེ་འགའ་རྒྱ་ཡིག་བཀོལ་བར་དགའ། ཁོ་ཚོས་རྒྱ་ཡིག་མང་ཙམ་ཞིག་གྲོགས་ཚོམས་སུ་འཇོག་ངེས། དེ་དག་ལ་ཁ་མཚར་ཙམ་དུ་རྒྱ་ཡིག་གི་མཆན་བུ་རེ་བཞག་པ་ཙམ་ཡིན། དེ་བས་ངས་བརྒྱ་ཆ་གོ་དགུ་ཞེས་བཤད་པ་ཡིན། ང་ལ་རེ་བ་ཞིག་ཡོད་པ་ནི་འུ་ཚོས་ཅིས་ཀྱང་བོད་ཡིག་བཀོལ་རྒྱུ་དེ་ཡིན། ངས་ཀྱང་བརྒྱ་ཆ་བརྒྱ་བོ་བོད་ཡིག་བཀོལ་རྒྱུར་འབད་ངེས། འུ་ཚོས་བོད་ཡིག་མ་བཀོལ་བར་ལུས་རྗེས། བོད་ཡིག་ནི་སུ་ཞིག་གིས་བཀོལ་སྲིད་དམ།

༧ ཡོད་ཚད་ཀྱིས་སྐད་རིགས་གཞན་ཞིག་བཀོལ་བ་ནི་ཡོན་ཏན་དང་ཁྱད་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན་པར་སྣང་བའི་དུས་ཚོད་འདི་འདྲ་བ་ཞིག་ཏུ་ངས་བོད་ཡིག་ཁོ་ན་རང་གི་ཤེས་ཚོད་ཅིག་བྲིས་ཤིང་ནུས་ཚོད་ཅིག་བཀོལ་བཞིན་པ་འདི་ནི་ངས་ཡིག་རིགས་གཞན་རྣམས་མི་ཤེས་པས་ལོས་ཡིན་མོད། ངོས་གཞན་ཞིག་ནས་བསམ་བློ་བཏང་ན། དེ་ནི་ངའི་སེམས་ཀྱི་གསེང་ན་“བོད”ཅེས་པའི་མི་རིགས་ཤིག་ཡོད་པའི་རྟགས་ཙམ་ཡིན་ལ། ངས་མི་རིགས་ལ་ཞབས་འདྲེན་མ་བྱས་པའི་དན་རྟགས་ཙམ་ཡང་ཡིན་པར་སྣང་ངོ་།། མ་གཞི་འདི་ནི་ང་རྒྱལ་ཞིག་ཏུ་བརྩི་བར་མི་རིག་མོད། དུས་ཚོད་འདི་བ་ཞིག་ཏུ་འདིའང་ང་རྒྱལ་ཞིག་ཏུ་བརྩིས་ན་མི་འགྲིག་པ་མེད་པར་སྣང་ངོ་།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*