སྲོང་མིག རྫོགས་ཆེན།
མི་གཅིག་ལ་དགའ་ནས་ལྷ་ཞིག་བསྒོམས།།
ལྷ་དེ་ལ་རྣམ་དག་སེམས་མཆོད་ཕུལ།།
ལས་སྦྱོར་དངོས་རྗེས་གསུམ་ཚང་བར་བྱས།།
དེ་བྱས་ཀྱང་དངོས་གྲུབ་དབེན་ནས་ཐལ།།
ངས་ཐབས་ཤེས་ཟུང་དུ་སྦྲེལ་སྟེ་བསྒོམས།།
རྫས་དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཕུལ།།
ཅི་བྱས་ཀྱང་དོན་བྱེད་ནུས་སྟོང་རེད།།
དངོས་གྲུབ་ཀྱི་རྫས་མཆོག་གཞན་གྱིས་བླངས།།
ཁྱོས་གཞན་གྱི་ཆེད་དུ་ལྦུ་ཆང་བཏུང་།།
བདག་ཁྱོད་ཉིད་དྲན་པའི་གདུང་བས་བཟི།།
ལས་རྣམ་རྟོག་ངན་པའི་འཆར་སྒོ་ཕྱེས།།
སེམས་མི་མཐུན་གཞི་མ་དེ་ནས་བྱུང་།།
ལྷ་ཁྱོད་མིན་ལྷ་ཞིག་མི་བསྟེན་རྒྱུ།།
གནམ་སྔོན་པོའི་འོག་ནས་དམ་ཟིག་བཅས།།
ས་གྲུ་བཞིའི་སྟེང་ནས་མནའ་ཞིག་བོར།།
ང་སྔར་ཡང་དེ་ལ་ཕྱིས་ཀྱང་དེ།།
རྩོམ་འདི་ཉིད་འབྲི་རྔ་མ་བུད་གོང་།།
ངས་མཛའ་བརྩེར་བཞི་ཤད་མ་འཐེན་སྔོན།།
ཁྱོས་གསལ་བཤད་ངག་གི་སྒོ་མོ་ཕྱེས།།
ལས་བདེན་རྫུན་རང་བཞིན་མེ་ལོང་གསལ།།
མཚན་མིན་འོག་དྲག་ཆར་བབས་དང་གཅིག།
མིག་ཁྲ་ཆུང་བདེན་པར་ཞེན་དང་གཉིས།།
ཡིད་འཁྲེང་བའི་ཞེན་ཆགས་རྒོད་གསུམ་གྱིས།།
ངས་མིན་པའི་ཞྭ་མོ་བསྐོན་པ་ཤེས།།
སེམས་དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ།།
སེམས་དགའ་སྐྱོ་ཟུང་གི་རྒྱུད་མཚམས་ནས།།
ཡིད་འགྱོད་པའི་སྤུ་གྲིས་སྙིང་ག་འགས།།
གནས་ཡ་ཆུང་དགུན་གྱི་བཙག་པས་གདུང་།།
ད་དེ་ལ་འགྱོད་པ་བྱེད་ཙམ་ལས།།
འདས་ཟིན་པའི་ཆོས་ལ་ཕྱིར་འོང་མེད།།
དེ་ཡོད་ཀྱང་འབད་པ་ཨ་དགོས་ཆུང་།།
སེམས་ཞི་བསིལ་ངང་དུ་རེ་ཞིག་འཇོག།
ངས་དབྱངས་ཀྱི་རྒྱུད་སྐུད་ཕྱོགས་བཞིར་འཐེན།།
ཁྱོས་སྤང་དཀར་སྟེང་ནས་མཆོང་ལྡིང་བྱོས།།
སེམས་ཁྱོད་རང་སྤྲོ་ན་ང་ཡང་སྤྲོ།།
བདག་རང་གཞན་སྐྱིད་པའི་གཞི་མ་ཡིན།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.