སླར་རྙེད་མི་སྲིད་པའི་ཚོར་སྣང་།

ཆོས་ཉིད་དབང་མོ།༼ཡིད་ལྷུང་།༽

དཔྱིད་རླུང་གིས་ལོ་མ་དང་རྩྭ་མགོ་སོགས་དལ་གྱིས་ལྡང་དུས། དགུན་གསུམ་གྱི་འཁྱགས་རླུང་དེ་གང་ཞིག་ཏུ་བུད་སོང་པ་ལྟར་ཁུ་སུམ་མེར་གནས། རྩྭ་ལྡུམ་གྱི་གསོན་ཤུགས་དང་བྱ་བྱེའུ་སྐད་སྙན། མེ་ཏོག་གི་མཛེས་རྒྱན་སོགས་མཐོང་ཐེངས་རེ། དཔྱིད་ཀ་ནི་རྩྭ་ལྡུམ་དང་སྡོང་བོ། མེ་ཏོག་སོགས་ཀྱི་མ་ཡུམ་དེ་མ་ཡིན་ནམ།

དྲོད་འཇམ་ཉི་འོད་ལྡན་པའི་ཁོར་ཡུག་གི་གྲུ་ཟུར་ཞིག་ནས། འུ་ཚོའི་ལྷན་དུ་རྒྱུད་མྱོང་བའི་འདས་དོན་མང་པོ་ཞིག་ཝ་ལེར་ངའི་མིག་ལམ་དུ་མངོན་བྱུང་། དུས་ཚོད་ནི་སྲབ་མདའ་མེད་པའི་རྟ་ཕོ་ཞིག་དང་འདྲ་བར་མདུན་ཁོ་ནར་རྒྱུགས་ཀྱང་། ངའི་བཞུད་ཟིན་པའི་ལམ་ལ་ཕྱིར་མིག་ཤོར་ནས་བསྡད་པ་ལས་བྱ་ཐབས་བྲལ།
འུ་ཚོ་ལས་དབང་གི་བགོས་སྐལ་ཞིག་གིས་སློབ་གླིང་འདིར་འཛོམས་ལ། ཡང་ལས་དབང་ཞིག་གིས་འཛིན་གྲྭ་གཅིག་དང་སྡོད་ཁང་གཅིག་ཏུ་འཛོམས། མ་ཟད་ལོ་ལྔའི་ལམ་ལུགས་ཀྱི་སློབ་མའི་གྲལ་དུའང་ཚུད་སོང་། ཆ་མི་སྙོམས་པའི་ལོ་ཟླའི་འགྲོས་འོག་ནས་འུ་ཚོ་བགད་མྱོང་ལ་ངུའང་མྱོང་། དང་ཐོག་སློབ་གྲྭའི་སྒོ་ཆེན་དུ་འཛུལ་དུས་འུ་ཚོས་ཕ་ཡུལ་དང་ཕ་ཁྱིམ་དྲན་ཁུ་ཟེར་ནས་ངུ་མྱོང་ལ། བར་སྐབས་དེར། ཕན་ཚུན་བར་ཆ་རྒྱུས་ཅུང་ཙམ་ལོན་དུས། མཉམ་དུ་སྤྲོ་གསེང་དུ་སོང་ནས་བགད་མྱོང་། འོན་ཀྱང་ད་ལྟ། བཞུད་ཟིན་པའི་ལོ་ཟླ་དང་བཞུགས་བཞིན་པའི་མ་ཡུམ་སི་བོད་སློབ་གླིང་། བྲལ་ཉེ་བའི་སློབ་གྲོགས་སོགས་ལ་གྱེས་ཕྱག་ཕུལ་རན། འདུས་ནས་བྲལ་བ་ནི་ཡང་བསྐྱར་ལྷན་འཛོམས་ཀྱི་ཆེད་དུ་ཡིན་པ་ནམ་ཡང་སེམས་སུ་ཉར་དགོས།
སྙིང་ཉེ་བའི་སྡོད་གྲོགས་ཚོ། མཉམ་དུ་རྒྱུད་མྱོང་བའི་ལམ་ཁ་དེ་ནི་ང་ཚོའི་ཐུན་མོང་གི་ཕྱིར་དྲན་ཡིན་ལ། དགའ་སྐྱོ་འདྲེས་མའི་དབྱངས་རྟ་སྙན་མོ་ཞིག་ཀྱང་ཡིན། ཁྱོད་ཚོ་ཡོད་པས་ངའི་ལོ་ཟླའི་ཁྲོད་མཛེས་སྣང་གིས་ཁེངས། ལོ་གཉིས་སློབ་ཆེན་བཏོན་སྐབས་འུ་ཚོ་ལ་འདི་འདྲའི་མཉམ་འཛོམས་ཀྱི་གོ་སྐབས་ཞིག་ཡོད་མེད་མི་ཤེས་མོད། ཡིན་ན་ཡང་ངའི་རྟག་ཏུ་འུ་ཚོ་འདི་འདྲའི་སྤྲོ་སྣང་གིས་ཁེངས་པའི་སྨོན་འདུན་ཞུ་བཞིན། ད་དུང་། ལོ་ཟླའི་བཞུད་རྒྱུན་ཁྲོད་ནས་འུ་ཚོ་བསྐྱར་དུ་འཛོམས་ཐུབ་པའི་སྨོན་ལམ་འདེབས།
བགྲོད་ལ་ཉེ་བའི་གཟའ་འཁོར་དག འུ་ཚོས་སློབ་སྦྱོང་ལ་འབད་འབུངས་དང་། སློབ་གྲོགས་ནང་ཕན་ཚུན་བར་མཐུན་སྒྲིལ། དགེ་རྒན་ལ་གུས་བཀུར་སོགས་རྣམ་འགྱུར་གང་ལེགས་བྱས་ནས་རང་ཉིད་ལ་འགྱོད་པ་མེད་མཁན་ཞིག་བྱ་དགོས། མཐར་ཁྱེད་ཅག་གི་བྱ་བ་ལམ་འགྲོ་དང་ཅི་བསམ་དོན་འགྲུབ། མི་གཞི་ཀུན་སྤྱོད་སྔར་ལས་བཟང་བའི་བཀྲ་ཤིས་སྨོན་འདུན་ཞུ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*