དགའ་སྐྱོ་གཉིས་ལྡན་གྱི་འཇིག་རྟེན།

ཆོས་ཉིད་དབང་མོ།༼ཡིད་ལྷུང་།༽

ཉི་འོད་ཀྱི་དྲོ་གྲང་དང་། གནམ་གཤིས་ཀྱི་འགྱུར་ལྡོག དགའ་སྐྱོ་ཟུང་འབྲེལ་གྱི་འཚོ་བ་སོགས་མི་ངོ་གཉིས་མ་ཞིག་དང་ལྷག་ཏུ་མཚུངས། གནམ་གཤིས་ཀྱིས་མིའི་སེམས་ཁམས་དཀྲུག་ཤིང་། དྲོ་གྲང་གཉིས་ཀྱིས་རེ་འགའ་ཁྱོད་ལ་དགའ་བ་དང་རེ་འགའ་ཁྱོད་ལ་བཤེར་བཤེར་བཏང་ནས་ཤ་གསེང་རུས་གསེང་དུ་འཐིམ་པའི་གྲང་ལྷགས་ཞིག་ཡིན། འདི་ནི་འཁོར་བ་ཡིན་ལ། འཁོར་བ་མིའི་ཚོར་སྣང་ཡིན།

ཟླ་བ་བཞི་བའི་གནམ་གཤིས་ནི་ཆ་མི་སྙོམས་པའི་དྲང་ཐིག་དང་འདྲ་བར། སྐབས་འགར་དབྱར་ཁའི་གནམ་གཤིས་ལྟར་དྲོ་ཞིང་འཇམ་ལ། རེ་འགའ་དགུན་ཁའི་གནམ་གཤིས་ལྟར་གྲང་ལྷགས་ཀྱིས་ལུས་ཡོངས་སུ་གྲང་གིས་ཟིན་པ་ལྟར་འགྱུར་བ་ཧ་ཅང་ཆེ། ངའི་སེམས་ཁམས་ཀྱང་གནམ་གཤིས་འདི་ལ་འགྲོགས་ནས་འགྲོ་བཞིན་པ་འདྲ། རེ་འགའ་སྤྲོ་ལ་རེ་འགའ་སྡུག ཕལ་ཆེར་རྒྱུགས་སྤྲོད་ལ་ཉེ་བ་དང་ཆ་གཅིག་ངའི་སེམས་སུ་སྨྲ་མི་ཤེས་པའི་གནོན་ཤུགས་ཀྱིས་ཁེངས་ཡོད་ལ། ཡང་རང་ཉིད་ལ་སེམས་གསོའི་ཆེད་དུ་ལྷོད་གཡེང་རེ་བྱས་དུས་ཡུན་རིང་ཞིག་ལ་སྒོར་འབུད་མ་མྱོང་བའི་པྲ་ཚག་གི་བྱིས་པ་ལྟར་ཚུར་སློབ་སྦྱོང་ཐོག་འཁོར་ཧ་ཅང་དཀའ། འདི་ནི་སློབ་སྦྱོང་ལ་མི་དགའ་བའི་རྣམ་འགྱུར་ཞིག་གམ་ད་ལྟའི་གནམ་གཤིས་འདིའི་སྟེར་བའི་ཚོར་སྣང་གསོན་པོ་དེ་ཡིན། མ་ཟད། ནར་སོན་གྱི་ལོ་ཟླ་ནི་བྱིས་དུས་ཀྱི་རྨི་ལམ་ལྟར་སྐྱིད་པོ་ཞིག་ག་ལ་ཡིན།

རེ་དྲོ་རེ་འཁྱག་གི་གནམ་གཤིས་འོག་ནས། མིའི་སེམས་ཁམས་ནི་འགྱུར་སླ་ལ་རང་གི་འདོད་བློ་ལྟར་བློ་སེམས་རྩེ་གཅིག་བྱེད་མི་ཐུབ། ཁོར་ཡུག་གིས་མིའི་སེམས་སུ་བག་ཆགས་གསལ་བོ་ཞིག་འཇོག་ཐུབ་པ་ལྟར། ད་ལྟའི་གནམ་གཤིས་ནི་ཆ་མི་སྙོམས་པའི་ཟློས་གར་ལྟར་ངའི་སེམས་ཀྱི་དམིགས་ཡུལ་དག་གར་སོང་ཆ་མེད་གྱུར། འདི་ནི་བཞད་དཀའ་ལ་ཡལ་སླ་བའི་མེ་ཏོག་ཨུ་དུམྦ་ར་ལྟར་གོམས་དཀའ་ལ་འགྱུར་སླ་བའི་འཇིག་རྟེན་འདིའི་རང་བཞིན་ཅིག་མིན་ནམ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*